རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནག་ཆུ་གྲོང་ཁྱེར་གྱི་སྡེ་ཚན་མང་པོ་དང་མཉམ་དུ“དཔྱིད་རླུང་བྱ་སྤྱོད”ཀྱི་སློབ་གྲྭའི་ཆེད་དོན་ལས་བསྡུའི་འདུ་ཚོགས་གཉེར་བ།
ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནག་ཆུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་སྤྱི་ཅུས་དང་། ལས་རིགས་ལག་རྩལ་སློབ་གྲྭ གསེར་རྙེད་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་དུ་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་2026ལོའི“བུད་མེད་ཀྱི་ལས་གཏོད་པ་གྲགས་ཅན་སློབ་གྲྭར་བསྐྱོད་ནས་སྒྲོག་འགྲེལ”དང“དཔྱིད་རླུང་བྱ་སྤྱོད”ཀྱི་སློབ་གྲྭའི་ཆེད་དོན་ལས་བསྡུའི་འདུ་ཚོགས་གཉེར་བར་མི་2000ཙམ་ཞུགས་ཡོད་པ་རེད།
སྒྲོག་འགྲེལ་བྱེད་སྐབས། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་ཀྱི་ལས་གཏོད་པ་གྲགས་ཅན”གདན་དྲངས་ནས་སྨྱན་སྦྱོར་གསར་པའི་ལས་གཏོད་དང་རང་ས་རང་ཡུལ་གྱི་སྤུས་རྟགས་གཏོད་པའི་དངོས་འཐབ་ཉམས་མྱོང་མཉམ་སྤྱོད་དང་། བུད་མེད་ཀྱི་ལས་གཏོད་ཐབས་ལམ་དང་དྲ་རྒྱའི་གཉེར་སྐྱོང་ཐབས་ལམ་འགྲེལ་བཤད། “བུད་མེད་ཀྱིས་བྱས་རྗེས་འཇོག གངས་ལྗོངས་ཀྱི་ཕུགས་འདུན་དོན་གཉེར”ཞེས་པའི་འབད་འཐབ་སྙིང་སྟོབས་བརྒྱུད་སྤྲོད་བཅས་བྱས་ཏེ་ཚང་མར་དཔྱད་གཞིར་འཛིན་རིན་ཡོད་པའི་ལག་ལེན་གྱི་མ་དཔེ་མཁོ་འདོན་བྱས་པ་དང་། ལས་ཞུགས་ལས་གཏོད་ཀྱི་མཛུབ་ཁྲིད་རིགས་གཅིག་མཁས་ཅན་གྱིས་ལས་རིགས་དོན་གཉེར་འཆར་འགོད་དང་། ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་གསལ་འགྲེལ། ལས་རིགས་རྩལ་ནུས་མཐོར་གཏོང་སོགས་ཀྱི་ནང་དོན་ལ་དམིགས་ནས། དམིགས་སའི་རང་བཞིན་ལྡན་པའི་མཛུབ་ཁྲིད་བྱས་ཏེ་སློབ་མ་ཚོར་ལས་རིགས་ཀྱི་ངེས་གནས་ཁ་གསལ་བཟོ་བ་དང་ལས་ཀ་འཚོལ་བའི་ཐབས་ཤེས་བསླབས་པ། སེམས་ཁམས་བདེ་ཐང་གི་ཟུར་ཁྲིད་རིགས་གཅིག་མཁས་ཅན་གྱིས་སེམས་ཁམས་བདེ་ཐང་དང་འཚར་ལོངས་ཀྱི་ཆ་རྐྱེན་ལ་དམིགས་ནས་སེམས་ཁམས་བདེ་ཐང་གི་ཚན་རིག་ཁྱབ་གདལ་དང་། སེམས་པ་འཇོག་མཁས་པ་སོགས་བྱས་ཏེ་ཆེད་ལས་ཀྱི་སེམས་ཁམས་བློ་འདྲིའི་ཞབས་འདེགས་ཞུས་ནས་ཚང་མར་བདེ་ཐང་གི་སེམས་ཁམས་འཇགས་པར་ཁྲིད་སྟོན་དང་སྤྱི་ཚོགས་དང་འདྲིས་ནུས་ཆེ་རུ་བཏང་བ་རེད།
ལས་བསྡུའི་འདུ་ཚོགས་ཐོག “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱིས་ཚོགས་ཞུགས་ཁེ་ལས་90ཡིས་ཚན་རྩལ་དང་། རིག་གནས་སྨྱན་སྦྱོར། སློབ་གསོ། ཁྱིམ་ལས་སོགས་ལས་རིགས་མང་པོར་ཁྱབ་པའི་ལས་གནས་732བཏོན་ཡོད། དེ་དང་ཆབས་ཅིག དྲ་ཐོག་ནས་ཐད་གཏོང་བྱས་ཏེ་ལས་གནས་ངོ་སྤྲོད་བྱེད་འགོ་ཚུགས་ཤིང་། ལས་ཀ་འཚོལ་མཁན་གྱིས་ཁྱུག་དབྱིངས་ཀྱི་སྤྱི་རྟགས“བོད་ཀྱི་ལས་ཞུགས”ཞེས་པ་བརྒྱུད་ལས་མི་བསྡུ་མཁན་ཁེ་ལས་དང་དེ་བཞིན་ལས་གནས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ“བོད་ཀྱི་གྲངས་འཛིན་ལས་བསྡུའི་ལས་སྟེགས”ཀྱི་སྐད་འཕྲིན་བྱ་རིམ་ཆུང་གྲས་ཀྱི་རྩ་གཉིས་བཤེར་རྟགས་བརྒྱུད་དྲ་ཐོག་ནས་རང་རང་གི་ལོ་རྒྱུས་མདོར་བསྡུས་བསྐུར་བས“སྒོ་དོན་མི་དགོས་པར་ལས་ཀ་འཚོལ་བ”མངོན་འགྱུར་བྱུང་ནས་ལས་འཚོལ་ཐབས་ལམ་རྒྱ་ཆེར་ནུས་ལྡན་ཕྱིན་པ་མ་ཟད། མཁོ་སྤྲོད་སྦྲེལ་མཐུད་ཀྱི་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལས་བསྡུའི་འདུ་ཚོགས་གཉེར་ཡུལ་དུ་སློབ་ཐོན་སློབ་མ་580དང་མང་ཚོགས་320བློ་འདྲི་བྱེད་པར་ཡོང་བར་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དཔྱད་ཡིག་1200སྤྲད་པ་དང་། བོད་ལྗོངས་གྲངས་འཛིན་ལས་བསྡུའི་ལས་སྟེགས་བརྒྱུད་དྲ་ཐོག་ནས་ལས་ཀ་འཚོལ་མཁན་གྱི་ལོ་རྒྱུས་མདོར་བསྡུས་185བསྐུར་བ། བོད་ལྗོངས་ལས་ཞུགས་ཞེས་པའི་ཁྱུག་དབྱིངས་བརྒྱུད་ཐད་གཏོང་ལྟ་མཁན་མི་ཐེངས་5679ཟིན་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།