བརྩེ་བ་ཆེན་པོས་ཐེངས་གསུམ་བསྐྱབས། བྱམས་སེམས་ཆེན་པོ་ལྷག་པར་མངོན།
—— གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི“བདེན་པའི་རྒྱབ་ལངས་ཀྱི་དཔའ་བོ”ཝུའེ་ཙུའུ་ལུང་གི་སྐོར་བཀོད་པ།
ཡིག་འབྲུ་རེ་རེ་ལས་བརྩེ་བ་ཟབ་མོ་མངོན་པའི་ཐུགས་རྗེ་ཆེ་ཞུ་བའི་བཏང་ཡིག་གསུམ་དང་གོས་དར་གསུམ་ནི་རོགས་སྐྱོར་ཐོབ་པའི་མང་ཚོགས་ཀྱི་བབ་ཆགས་ཤོས་ཀྱི་ཁས་ལེན་དང་བསྔགས་བརྗོད་ཡིན་ལ། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རྫ་བུ་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝུའེ་ཙུའུ་ལུང་གིས་དཔའ་ངར་ཆེར་སྐྱེད་དང་སེམས་རྩ་འཁོལ་པོས་རོགས་སྐྱོབ་ཐེངས་གསུམ་བྱས་པའི་དཔང་པོ་ཡག་ཤོས་ཤིག་ཀྱང་རེད།
2024ལོའི་ཟླ་8ཚེས་19ཉིན། ཝུའེ་ཙུའུ་ལུང་ཚན་པར་ལོག་པའི་ལམ་ལ་གློ་བུར་དུ་རླངས་འཁོར་རྡུང་ཁ་ཤོར་བའི་སྒྲ་ཆེན་པོ་ཐོས། ཉེན་ཁ་ཆེ་བའི་སྐབས་སུ། ཝུའེ་ཙུའུ་ལུང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་འཕྲལ་མར་ལས་འཛོལ་ཐོན་པའི་རླངས་འཁོར་གྱི་ཕྱོགས་སུ་བསྐྱོད་དེ་མི་གཉིས་བསྐྱབས་པ་རེད།
2024ལོའི་ཟླ་10ཚེས་14ཉིན། ས་ཆ་གཞན་ནས་ཡོང་བའི་བཟའ་ཚོ་གཉིས་ཀྱིས་རླངས་འཁོར་གཏོང་སྐབས་གཟབ་གཟབ་མ་བྱས་པའི་དབང་གིས་རྡུང་ཁ་ཤོར་བ་རེད། སྐབས་འདི་དུས་ཁྱོ་ག་དེ་སྙིང་ནད་ལངས་པའི་ཁར་ལ་དུག་ཕོག་ནས་དྲན་པ་ཐོར། སྐབས་དེར་ཝུའེ་ཙུའུ་ལུང་གིས་ཏག་ཏག་ལས་འཛོལ་དེ་མཐོང་བས་འཕྲལ་མར་རླངས་འཁོར་ཁ་བཀག་ནས་འགྲོ་འོང་བྱེད་མཁན་མང་ཚོགས་སྒྲིག་འཛུགས་ཀྱིས་བཟའ་ཚོ་དེ་གཉིས་ལ་རོགས་རམ་བྱས། འགྲིམ་འགྲུལ་ཉེན་རྟོག་པས་ཐག་གཅོད་བྱས་རྗེས་ཁོང་གིས་འཕྲལ་མར་རླངས་འཁོར་བཏང་ནས་ནད་པ་དེ་ཉེ་འཁོར་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ།
ད་ལོའི་ཟླ་2ཚེས་27ཉིན། སྒེར་འཁོར་བཏང་ནས་བོད་དུ་ཡོང་བའི་ཡུལ་སྐོར་བ་ཞིག་ཇོ་མོ་གླང་མའི་ཀྱོག་མཚམས་108ཀྱི་རི་གཤམ་དུ་སྐྱོད་པའི་ལམ་བར་དུ་ལ་དུག་ཆེན་པོ་ཕོག་པའི་རྐྱེན་གྱིས་རླངས་འཁོར་ཁ་ཤོར་ཏེ་འགོག་སྲུང་ར་བར་བརྡུངས་ནས་སྲོག་ལ་ཉེན་ཁ་འཕྲད། རི་གཤམ་དུ་གཞུང་དོན་སྒྲུབ་བཞིན་པའི་ཝུའེ་ཙུའུ་ལུང་གིས་གནས་ཚུལ་དེ་མཐོང་མ་ཐག་འཕྲལ་མར་ཡུལ་སྐོར་བ་དེའི་སར་རོགས་སྐྱོབ་བྱེད་པར་བསྐྱོད། ཡུལ་སྐོར་བ་འདི་ཐབས་ཟད་འུ་ཐུག་གི་གནས་དེར་སེམས་གསོ་གཏོང་གིན་ལས་འཛོལ་ཐག་གཅོད་བྱེད་རོགས་བྱས་པས་ཡུལ་སྐོར་བ་དེར་སེམས་འགུལ་ཚད་མེད་ཐེབས་པ་རེད།
དཀའ་ཉེན་ལ་ཕྱིར་བཤོལ་མ་བྱས་པར་དཔའ་ངར་ཆེར་སྐྱེད་ཀྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་ལྷག་བསམ་ཟོལ་མེད་ཀྱི་སྲུང་སྐྱོང་རེ་རེ་ནི་ཝུའེ་ཙུའུ་ལུང་གི་བདེན་པའི་རྒྱབ་ལངས་དང་ཐོག་མའི་བསམ་འདུན་མི་དམངས་ཀྱི་ཆེད་དུ་ཡིན་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ཁོང་གིས“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་ལ་དམག་ཞབས་ཐིམ་པའི་དམག་མི་ཞིག་ཀྱང་ཡིན། ‘མི་དམངས་ལ་ཞབས་འདེགས་ཞུ་རྒྱུ’ནི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཡིན། མང་ཚོགས་ལ་དགོས་མཁོ་ཆེ་ཤོས་སྐབས་སུ་རོགས་པ་བྱེད་པ་ནི་རང་ཉིད་ཀྱིས་སྒྲུབ་དགོས་པའི་བྱ་བ་བསྒྲུབས་པ་ཙམ་ཡིན”ཞེས་བཤད།
2025ལོའི་ཟླ་12པར། ཝུའེ་ཙུའུ་ལུང་ལ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི“2024ལོའི་དུས་ཚིགས་གསུམ་པའི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི”གཟི་བརྗིད་ལག་ཁྱེར་ཐོབ་པ་དང་། དེ་ནི་ཁོང་གི་དགེ་བའི་བྱ་སྤྱོད་ལ་ཁས་ལེན་བྱས་པ་ཞིག་རེད་ལ། “ཏང་ཡོན”ཞེས་པའི་ཡིག་འབྲུ་གཉིས་གསལ་འགྲེལ་བྱས་པ་ཞིག་དེ་བས་ཀྱང་ཡིན་པས་བདེན་པའི་རྒྱབ་ལངས་ཀྱི་སྙིང་སྟོབས་ཇོ་མོ་གླང་མའི་རི་གཤམ་དུ་བཀྲག་མདངས་འཚེར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།