དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-22

    ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།

    ཟླ་5ཚེས་20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་པ་རེད།

    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་ཚོགས་རར་ཕེབས་པ་རེད།

    ཞི་ཅིན་ཕིང་གིས་དང་ཐོག་ཤིས་ཚིག་གསུངས་ཤིང་། ཁོང་གིས། ད་ལོ་ནི་ཀྲུང་ཨུའི་དབར་འཐབ་ཇུས་མཉམ་ལས་རོཌ་ཟླའི་འབྲེལ་བ་བཙུཌ་ནས་ལོ་ངོ་30འཁོར་བ་དང་།《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ་25འཁོར་བའི་ལོ་ཞིག་རེད། དམིགས་བསལ་གྱི་དོན་སྙིང་ལྡན་པའི་ལོ་འདིར“ཀྲུང་ཨུའི་སློབ་གསོའི་ལོ”འགོ་ཚུགས་པ་དེ་ནི་ང་དང་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་ལ་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན། སློབ་གསོ་ནི་རྒྱལ་ཁབ་དང་རྒྱལ་ཁབ་དབར་དམངས་སེམས་འབྲེལ་མཐུད་དང་མཛའ་གྲོགས་རྒྱུན་འཛིན་བྱེད་པའི་འབྲེལ་ཟམ་གལ་ཆེན་ཞིག་དང་། བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བླ་ན་མེད་པའི་བྱ་གཞག་ཅིག་རེད། དུས་ཡུན་རིང་པོའི་ནང་། ཀྲུང་གོ་དང་ཨུ་རུ་སུའི་སློབ་གསོ་མཉམ་ལས་རྒྱུན་མཐུད་ཟབ་ཏུ་ཕྱིན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། “ཀྲུང་ཨུའི་སློབ་གསོའི་ལོ”གོ་སྐབས་སུ་བཟུང་ནས་ཕྱོགས་གཉིས་པོས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སློབ་གསོ་དར་ན་རྒྱལ་ཁབ་དར་བ་དང་སློབ་གསོ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། ཀྲུང་གོ་དང་ཨུ་རུ་སུས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་སྤྱིའི་ཤེས་ལྡན་པའི་དཔུང་ཁག་རྩེ་གྲ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཐུན་མོང་ཐོག་གསོ་སྐྱོང་བྱེད་པ་དང་། ལག་གདང་སྦྲེལ་ནས་ཚན་རིག་གི་དཀའ་གནད་གསར་པ་བསལ་ཏེ། རྒྱལ་ཁབ་གཉིས་པོའི་གསར་གཏོད་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་འདུ་ཤེས་ལག་ལེན་བསྟར་ནས་ཤེས་དཔལ་རྒྱུན་འཛིན་དང་སློབ་གསོ་བཅོས་སྐྱོང་གི་ཉམས་མྱོང་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ། ལས་ཀའི་ཆུ་ཚད་ཐུན་མོང་ཐོག་མཐོ་རུ་གཏོང་དགོས། སྲོལ་རྒྱུན་གྱི་མཛའ་གྲོགས་མཛའ་བརྩེ་རྒྱུན་འཛིན་བྱས་ནས་སློབ་གསོའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་པ་དང་། རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཕན་ཚུན་རྒྱུས་ལོན་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། སྤེལ་རེས་གཏིང་ཟབ་བྱེད་རིང་གཞོན་ནུ་ལོ་ཆུང་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག“ཀྲུང་ཨུའི་སློབ་གསོའི་ལོ”ཐུགས་གྲ་ལེགས་འགྲིག་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད།

    ཕུའུ་ཅིང་གིས་གསུངས་དོན། སློབ་གསོའི་མཉམ་ལས་ནི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། “ཨུ་ཀྲུང་སློབ་གསོའི་ལོ”འགོ་ཚུགས་པར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་སློབ་གསོར་མཐོང་ཆེན་བྱེད་ཀྱི་ཡོད། སློབ་གསོ་ནི་མི་སྒེར་འཕེལ་རྒྱས་ལ་གལ་འགངས་ཤིན་ཏུ་ཆེ་བ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྨང་གཞི་དེ་བས་ཀྱང་ཡིན། “ཨུ་ཀྲུང་སློབ་གསོའི་ལོའི”བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་དང་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སློབ་གསོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་གཞོན་ནུ་མི་རབས་དབར་ཕན་ཚུན་རྒྱུས་ལོན་ཟབ་ཏུ་བཏང་ནས་ཨུ་རུ་སུ་དང་ཀྲུང་གོའི་མཛའ་མཐུན་བྱ་གཞག་ལ་ཤུལ་འཛིན་མཁན་ཡོད་པ་བྱས་ཏེ། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག“ཀྲུང་ཨུའི་སློབ་གསོའི་ལོའི” རྟགས་མའི་ཡོལ་ཁེབས་ཕྱེ་གནང་བ་རེད།

    ཚའེ་ཆི་དང་། ཏིང་ཤུའེ་ཞང་། ཝང་དབྱི། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ཧྲེན་དབྱི་ཆིན་སོགས་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།