ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

ཟླ་5ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

ཟླ་5ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་ཞིང་། གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཕུའུ་ཅིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》གི་དུས་ཡུན་མུ་མཐུད་རིང་དུ་གཏོང་རྒྱུའི་ཐད་མོས་མཐུན་མགྲིན་གཅིག་ཏུ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྔ་རྗེས་སུ་ཁྱབ་ཁོངས་ཆུང་བ་དང་ཁྱབ་ཁོངས་ཆེ་བའི་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་ཨུའི་དབར་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་དང《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ་25འཁོར་བའི་ལོ་ཞིག་རེད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་ཐོག བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཡུན་རིང་གི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ལམ་ལུགས་རྨང་གཞི་གཏན་འཁེལ་བྱས་པས། ཀྲུང་ཨུའི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད། ཀྲུང་ཨུའི་འབྲེལ་བ་གོམ་པ་རེ་རེ་བཞིན་ད་ལྟའི་བར་དུ་འཕེལ་རྒྱས་ཕྱིན་པ་དེ་ནི། ཕྱོགས་གཉིས་པོས“ངལ་བ་བརྒྱ་ཕྲག་ཐུག་ཀྱང་སྟོབས་དང་ལྡན་པའི”སྙིང་རུས་ཐོག་ནས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་ཐད་ཀྱི་རོགས་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། “ཡག་ཐོག་ཡག་བརྩེགས”ཀྱི་སྙིང་སྟོབས་ཐོག་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེ་རུ་བཏང་བ། “སྤྲིན་ནག་ལང་ལོང་འཁྲིགས་ཀྱང་འགྱུར་བ་སྤུ་ཙམ་མེད་པའི”བློ་སྟོབས་ཐོག་ནས་རྒྱལ་སྤྱིའི་དྲང་བདེན་དྲང་གཞག་ལ་སྲུང་སྐྱོང་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བས་རེད། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གལ་ཆེན་ཡིན་པའི་ཆ་ནས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་འཐབ་ཇུས་ཀྱི་མིག་རྒྱང་རིང་པོར་དམིགས་པ་དང་། སྤུས་ཚད་དེ་བས་མཐོ་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་བརྟེན་ནས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་རམ་འདེགས་བྱེད་པ་དང་། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ལྟ་སྟངས་འདྲ་མཉམ་དང་། ཕན་ཚུན་བརྩི་འཇོག ཁ་དན་ཚིག་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་རྒྱུན་ཆད་མེད་པར་གཏོང་བ་དང་། དཔལ་འབྱོར་ཚོང་དོན་དང་། མ་འཇོག ནུས་རྒྱུ། ཚན་རྩལ། མི་ཆོས་རིག་གནས། ས་གནས་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་རྒྱུན་མཐུད་གཏོང་བ། དམངས་སེམས་ཕན་ཚུན་གཅིག་མཐུན་སྔར་བས་སྲ་བརྟན་དུ་གཏོང་བ་བཅས་བྱེད་བཞིན་ཡོད། ཀྲུང་ཨུའི་འབྲེལ་བ་ནུས་པ་དེ་བས་ཐོན་པ་དང་འཕེལ་རྒྱས་དེ་བས་མགྱོགས་པའི་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་ཨུའི་འབྲེལ་བ་ཡུན་རིང་དང་། སྐྱོན་བྲལ། བརྟན་པོ། སྤུས་ཚད་མཐོ་བ་བཅས་ཀྱི་འཕེལ་རྒྱས་འགྲོ་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་ནི་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་དམིགས་ཏེ་བཏོན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། རྒྱལ་ཁབ་གཉིས་པོའི་སྡེ་ཚན་ཁག་གིས་ང་རང་དང་ཙུང་ཐུང་ཕུའུ་ཅིང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཡག་པོ་དང་ལོ་རྒྱུས་ཀྱི་གོ་སྐབས་ཁོང་དུ་གང་ལེགས་ཆུད་པར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་སྔར་བས་བརྟན་དུ་དང་། མཉམ་ལས་སྔར་བས་ཟབ་ཏུ། མཛའ་གྲོགས་ཀྱི་ལམ་བུ་ཇེ་ཡངས་སུ་བཅས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་དང་དར་རྒྱས་ཀྱི་དམིགས་ཚད་ལ་གཞིགས་ཏེ་ཀྲུང་ཨུའི་མཉམ་ལས་ལམ་སྲོལ་གྱི་ཕྱོགས་ཡོངས་དང་འཐུས་སྒོ་ཚང་བའི་ཁྱད་ཆོས་གང་ལེགས་བཏོན་ནས། ཕྱོགས་ཡོངས་ཀྱི་མཉམ་ལས་ཀྱི་སྤྱི་འདོམས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཚོང་དོན་གྱི་མ་འཇོག་དང་། ནུས་རྒྱུ། ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། ཚན་རྩལ་གསར་གཏོད་སོགས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ། མདུན་གྲལ་ཁྱབ་ཁོངས་ཀྱི་མཉམ་ལས་བཀོད་སྒྲིག་ཧུར་ཐག་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་འཕར་སྣོན་གྱི་སྒུལ་ཤུགས་གསར་པ་གཏོད་པ་བཅས་བྱེད་དགོས་པ་དང་། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་འཛིན་བྱ་རྒྱུར་གཞི་ཚུགས་ཏེ། སློབ་གསོ་དང་། རིག་གནས། གློག་བརྙན། ཡུལ་སྐོར། ལུས་རྩལ་སོགས་ཀྱི་མི་ཆོས་རིག་གནས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་སྤྱི་ཚོགས་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་མང་མཉམ་ལས་ཟབ་ཏུ་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་སྔར་བས་ཟབ་ཏུ་གཏོང་བ་དང་། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དང་མཐུན་སྒྲིལ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་དགོས།
ཕུའུ་ཅིང་གིས་གསུངས་དོན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཨུ་ཀྲུང་འབྲེལ་བ་སྔར་ན་མེད་པའི་ཆུ་ཚད་མཐོ་པོར་སླེབས་ཡོད། མཐོ་རིམ་དབར་འགྲོ་འོང་དམ་ཟབ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད། ཕྱོགས་གཉིས་པོའི་ཚོང་དོན་བརྟན་པོ་འཕར་བ་དང་། ནུས་རྒྱུ་མཁོ་སྤྲོད་ཐད་གཉིས་ཁེ་གཉིས་ཕན་བྱུང་བ། འགྲིམ་འགྲུལ་དང་། ཟོག་འགྲུལ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། མི་ཆོས་རིག་གནས་སྤེལ་རེས་ཀྱི་འཕེལ་ཕྱོགས་ཡག་པོ་ཡོད་ཅིང་། “ཨུ་ཀྲུང་རིག་གནས་ལོ”བདེ་བླག་གཉེར་རྗེས“ཨུ་ཀྲུང་སློབ་གསོའི་ལོ”འགོ་ཚུགས་རྒྱུ་རེད། ཨུ་ཀྲུང་འབྲེལ་བར་ཚོད་བགམ་ཐེག་ཡོད་ཅིང་། དུས་ཡུན་ཇི་ཙམ་རིང་ན་དེ་ཙམ་གྱིས་བརྟན་དུ་ཕྱིན་ཏེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་དང་། དེར་མིག་སྔའི་དུས་བབ་འོག་སྔར་ལས་གལ་འགངས་ཆེ་བའི་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆིངས་ཡིག་གི་དགོངས་དོན་ལ་བརྩི་སྲུང་ནན་པོ་ཞུས་ཐོག འཐབ་ཇུས་མཐུན་སྦྱོར་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཨུ་ཀྲུང་གི་མཉམ་ལས་ནི་ཡོ་ལང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་ཀྱི་བརྟན་ལྷིང་གི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཡག་པོ་འཚོག་པར་རྒྱབ་སྐྱོར་བྱེད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གནས་བབ་དང་ཤུགས་རྐྱེན་ལ་ཐུན་མོང་ཐོག་ཤུགས་སྣོན་རྒྱག་པ། འབོ་གསེར་རྒྱལ་ཁབ་ཀྱི་ལམ་སྲོལ་གྱི་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ། ཤེས་དཔལ་སྣ་མང་རང་བཞིན་དར་སྤེལ་གཏོང་བ། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དབུས་ཤར་ས་ཁུལ་གྱི་དུས་བབ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨུའི་ཙུང་ལིའི་དུས་བཀག་ཞལ་འཛོམས་ལམ་སྲོལ་གྱི་སྒྲོམ་གཞིའི་འོག་གི་ཙུང་ལི་གཞོན་པ་རིམ་པའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཕྱོགས་གཉིས་པོའི་ཀྲུའུ་ཞིས་གནང་བའི་མ་འཇོག་དང་། ནུས་རྒྱུ། དཔལ་འབྱོར་ཚོང་དོན། བྱང་ཤར་དང་རྒྱང་ཤར་ས་ཁུལ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རིམ་སྐོར་གྱི་སྙན་སེང་གསན་པ་རེད། རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་གོ་དང་ཨུ་རུ་སུས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་མཉམ་ལས་བྱས་པའི་གནས་ཚུལ་སྙན་སེང་ཞུས་པ་རེད།
གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་གནང་བ་མ་ཟད་ཁྱབ་བསྒྲགས་ཀྱང་གནང་བ་དང་། དཔལ་འབྱོར་ཚོང་དོན་དང་། སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་20ལ་མིང་རྟགས་འགོད་པར་དཔང་པོ་གནང་བ་རེད།
འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས《འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་དར་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་མ་ཟད་ཁྱབ་ཁོངས་གཞན་དག་གི་མཉམ་ལས་ཡིག་ཆ་20ལ་གྲོས་འཆམ་ཡང་བྱུང་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཕུའུ་ཅིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ཕུའུ་ཅིང་འབྱོར་སྐབས། གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཕུའུ་ཅིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིམ་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།
དེ་ཉིན་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཕུའུ་ཅིང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཚའེ་ཆི་དང་། ཏིང་ཤུའེ་ཞང་། ཝང་དབྱི། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ཧྲེན་དབྱི་ཆིན་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།