དབུ་ཤོག
  • ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-05-21

    ཟླ་5ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》གི་དུས་ཡུན་མུ་མཐུད་རིང་དུ་གཏོང་བར་མོས་མཐུན་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་དབར་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་དང《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་25འཁོར་བའི་ལོ་རེད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག་ལ་མིང་རྟགས་བཀོད་པ་དང་། བཅའ་ཁྲིམས་ཀྱི་རྣམ་པ་ནས་ཡུན་རིང་གི་ཁྱིམ་མཚེས་མཛའ་གྲོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ལམ་ལུགས་ཀྱི་རྨང་གཞི་གཏན་འཁེལ་བྱས་པས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གལ་ཆེན་ཀྲུང་གོ་དང་ཨུ་རུ་སུས་འཐབ་ཇུས་ཀྱི་མིག་རྒྱང་རིང་པོར་དམིགས་ཏེ། སྤུས་ཚད་དེ་བས་མཐོ་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་བརྟེན་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་གོང་འཕེལ་དར་རྒྱས་ལ་རམ་འདེགས་དང་། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་ལྟ་སྟངས་འདྲ་མཉམ་འཛིན་པ་དང་། ཕན་ཚུན་བརྩི་འཇོག ཁ་དན་ཚིག་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའམ་དཔལ་འབྱོར་ཚོང་དོན་དང་། མ་འཇོག ནུས་རྒྱུ། ཚན་རྩལ། མི་ཆོས་རིག་གནས། ས་གནས་སོགས་ཀྱི་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། དམངས་སེམས་གཅིག་མཐུན་སྔར་བས་སྲ་བརྟན་དུ་གཏོང་བཞིན་ཡོད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་ནུས་པ་སྔར་བས་ཐོན་པ་དང་འཕེལ་རྒྱས་སྔར་ལས་མགྱོགས་པའི་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཡུན་རིང་དང་། སྐྱོན་བྲལ། བརྟན་པོ། སྤུས་ཚད་མཐོ་བ་བཅས་ཀྱི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་ནི་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་དམིགས་ཏེ་བཏོན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། རྒྱལ་ཁབ་གཉིས་པོའི་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་ང་དང་ཙུང་ཐུང་ཕུའུ་ཅིང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་དང་ལོ་རྒྱུས་ཀྱི་གོ་སྐབས་ཁོང་དུ་གང་ལེགས་ཆུད་པར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་སྔར་བས་བརྟན་དུ་དང་། མཉམ་ལས་སྔར་བས་ཟབ་ཏུ། མཛའ་གྲོགས་ཀྱི་ལམ་བུ་ཇེ་ཡངས་སུ་བཅས་འགྲོ་བར་སྐུལ་འདེད་གཏོང་དགོས།

    ཕུའུ་ཅིང་གིས་གསུངས་དོན། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་སྔར་ན་མེད་པའི་ཆུ་ཚད་མཐོ་པོར་སླེབས་ཡོད། མཐོ་རིམ་དབར་འགྲོ་འོང་དམ་ཟབ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད། ཕྱོགས་གཉིས་པོའི་ཚོང་དོན་བརྟན་པོ་འཕར་ནས་ནུས་རྒྱུ་མཁོ་སྤྲོད་ལ་གཉིས་ཕན་མངོན་འགྱུར་བྱུང་བ་དང་། འགྲིམ་འགྲུལ་དང་། ཟོག་འགྲུལ། ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཉིན་རེ་ལས་མ་འདས་པར་ཟབ་ཏུ་འགྲོ་བཞིན་ཡོད། མི་ཆོས་རིག་གནས་སྤེལ་རེས་ཀྱི་འཕེལ་ཕྱོགས་ཡག་པོ་ཡོད་ཅིང་། “ཨུ་རུ་སུ་དང་ཀྲུང་གོའི་རིག་གནས་ལོ”ལེགས་གྲུབ་ལྡན་པར་གཉེར་རྗེས“ཨུ་རུ་སུ་དང་ཀྲུང་གོའི་སློབ་གསོའི་ལོ”འགོ་ཚུགས་རྒྱུ་རེད། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་ཚོད་བགམ་ཐེག་ཡོད་ཅིང་། དུས་ཡུན་ཇི་ཙམ་རིང་ན་དེ་ཙམ་གྱིས་བརྟན་དུ་ཕྱིན་ཏེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་དང་། དེར་མིག་སྔའི་དུས་བབ་འོག་སྔར་ལས་གལ་འགངས་ཆེ་བའི་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆིངས་ཡིག་གི་དགོངས་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ། འཐབ་ཇུས་མཐུན་སྦྱོར་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཨུ་རུ་སུ་དང་ཀྲུང་གོའི་མཉམ་ལས་ནི་ཡོ་འཁྱོམ་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་ཀྱི་བརྟན་ལྷིང་གི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་རྒྱབ་སྐྱོར་བྱེད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གནས་བབ་དང་ཤུགས་རྐྱེན་ལ་ཐུན་མོང་ཐོག་ཤུགས་སྣོན་རྒྱག་པ། འབོ་གསེར་རྒྱལ་ཁབ་ཀྱི་ལམ་སྲོལ་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ། ཤེས་དཔལ་སྣ་མང་རང་བཞིན་དར་སྤེལ་གཏོང་བ། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དབུས་ཤར་ས་ཁུལ་གྱི་དུས་བབ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།

    གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཚན་རྟགས་བཀོད་གནང་བ་མ་ཟད་ཁྱབ་བསྒྲགས་ཀྱང་གནང་བ་དང་། དཔལ་འབྱོར་ཚོང་དོན་དང་། སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་20ལ་མིང་རྟགས་འགོད་པར་དཔང་པོ་གནང་བ་རེད།

    འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས《འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་གསར་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་མ་ཟད། ཁྱབ་ཁོངས་གཞན་གྱི་མཉམ་ལས་ཡིག་ཆ་20ལ་གྲོས་འཆམ་ཡང་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།