དབུ་ཤོག
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཤང་གྲོང(ཁྲོམ་གཞུང)གི་འགན་འཁྲི་སྒྲུབ་པའི་དོན་ཚན་གྱི་གསལ་ཐོ་ཡག་པོ་སྤྱོད་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱ་ཐབས》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-05-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཤང་གྲོང(ཁྲོམ་གཞུང)གི་འགན་འཁྲི་སྒྲུབ་པའི་དོན་ཚན་གྱི་གསལ་ཐོ་ཡག་པོ་སྤྱོད་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱ་ཐབས》(གཤམ་དུ《ཞིབ་ཕྲའི་བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    《ཞིབ་ཕྲའི་བྱ་ཐབས》ནང་ཁ་གསལ་བཏོན་དོན། གཞི་རྩའི་འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་དགོས་ཤིང་། ཤང་གྲོང(ཁྲོམ་གཞུང)གིས་གཞི་རྩའི་འགན་སྒྲུབ་དོན་ཚན་གྱི་ཞིབ་ཕྲའི་ལས་གནས་དང་མིར་དོན་འཁྱོལ་བྱས་ཏེ་ཏང་འཛུགས་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོར་ཞབས་ཞུ། དུས་བདེ་ཁྲིམས་སྐྱོང་སོགས་ཀྱི་འགན་ནུས་གཙོ་བོ་ཡག་པོ་སྒྲུབ་དགོས་པ་དང་། ལྷག་པར་དུ་དམངས་འཚོ་འགན་སྲུང་དང་། བདེ་འཇགས་འགན་སྲུང་། མཐའ་ཚད་འགན་སྲུང་བཅས་ཀྱི་འགན་སྒྲུབ་དོན་ཚན་གྱི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། འགན་སྒྲུབ་ལ་གཞོགས་འདེགས་བྱེད་པའི་དོན་ཚན་གྱི་གསལ་ཐོ་མཉམ་དུ་དོན་འཁྱོལ་བྱེད་དགོས་ཤིང་། གོང་རིམ་སྡེ་ཚན་གྱིས་འགན་འཁྲི་འཁུར་མཁན་ཞིབ་ཕྲའི་ལས་ཁུངས་ཁ་གསལ་བཟོ་བ་དང་། གསལ་ཐོའི་ནང་གསལ་པོ་བཀོད་པའི་ལས་འགན་ཡག་པོ་སྒྲུབ་པ། ལས་སྒོ་གསོ་སྦྱོང་དང་། སྲིད་ཇུས་མཛུབ་ཁྲིད། མི་སྣའི་སྟོབས་ཤུགས། མ་དངུལ་གཏོང་འཇོག ཡོ་ཆས་སྒྲིག་ཆས་སོགས་ཀྱི་ཐད་ཤང་གྲོང(ཁྲོམ་གཞུང)གིས་སྒྲུབ་རོགས་བྱེད་པའི་ལས་འགན་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས། གོང་རིམ་སྡེ་ཚན་གྱིས་ཡར་བསྡུས་པའི་དོན་ཚན་གྱི་གསལ་ཐོ་འབྲེལ་མཐུད་དོན་འཁྱོལ་བྱེད་དགོས་ཤིང་། གོང་རིམ་སྡེ་ཚན་གྱིས་ཡར་བསྡུས་པའི་དོན་ཚན་དང་ལེན་བྱེད་མཁན་ལས་ཁུངས་ཁ་གསལ་བཟོས་ནས་སྟོབས་ཤུགས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། ཤང་གྲོང(ཁྲོམ་གཞུང)དང་ལས་དོན་འབྲེལ་མཐུད་ཡག་པོ་བྱས་ཏེ། དོ་དམ་ཐད་སྟོང་ཆ་མི་ལུས་པ་བྱེད་དགོས། འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་གཞིར་བཟུང“ཁྲོམ་གཞུང་དང་ཤང་གྲོང་གིས་རེ་བ་འདོན་པ་དང་སྡེ་ཚན་གྱིས་སྒྲུབ་པའི”འཁོར་སྐྱོད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང“12345”སོགས་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་རེ་ཞུ་བཀོད་སྒྲིག་དཀར་ཆག་ལེགས་སྒྱུར་བྱས་ཏེ། གསལ་ཐོ་གྲངས་འཛིན་ཅན་གྱི་དོ་དམ་དང་འགན་སྒྲུབ་དོན་ཚན་དྲ་ཐོག་ཏུ་སྒྲུབ་པར་སྐུལ་འདེད་གཏོང་དགོས། རྫོང་རིམ་པའི་ཏང་ཨུད་དང་སྲིད་གཞུང་གིས་ཤང་གྲོང(ཁྲོམ་གཞུང)དང་འབྲེལ་བའི་འཆར་འགོད་འཆར་གཞི་དང་། སྲིད་ཇུས་ཡིག་ཆ། གཙོ་གནད་ལས་དོན་སོགས་ལ་ཞིབ་འཇུག་བྱེད་སྐབས་འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་དེ་ཉིད་གཞི་འཛིན་ས་གལ་ཆེན་ལ་བརྩི་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། དེ་བཞིན་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ཕུད། གོང་རིམ་སྡེ་ཚན་གྱིས་གསལ་ཐོའི་ནང་བཀོད་མེད་པའི་འགན་འཁྲིའི་དོན་ཚན་རང་དགར་ཤང་གྲོང(ཁྲོམ་གཞུང)ལ་གཤམ་སྤྲོད་བྱེད་པའམ་ཡང་ན་དབང་ཆ་སྤྲད་པ་དང་མངགས་བཅོལ་སོགས་ཀྱི་བྱ་ཐབས་བརྒྱུད་རྣམ་པ་བསྒྱུར་ནས་གཤམ་སྤྲོད་བྱེད་མི་ཆོག

    《ཞིབ་ཕྲའི་བྱ་ཐབས》ནང་ཁ་གསལ་བཏོན་དོན། འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་དེ་ཉིད་ཤང་གྲོང(ཁྲོམ་གཞུང)ལ་དཔྱད་ཞིབ་བྱེད་པའི་གཞི་རྩའི་གཞི་འཛིན་སར་བརྩི་དགོས་ཤིང་། རྫོང་རིམ་པའི་ཏང་ཨུད་དང་སྲིད་གཞུང་གིས་གཞི་རྩའི་འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་གཙོ་བོར་བཟུང་ནས་ཤང་གྲོང(ཁྲོམ་གཞུང)ལ་ཕྱོགས་བསྡུས་དཔྱད་ཞིབ་བྱེད་པའི་ནང་དོན་ལེགས་སྒྱུར་བྱས་ཏེ། ཤང་གྲོང(ཁྲོམ་གཞུང)གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་ཚན་རིག་དང་མཐུན་པའི་གདེང་འཇོག་བྱེད་དགོས། འགན་སྒྲུབ་ལ་གཞོགས་འདེགས་བྱེད་པའི་དོན་ཚན་གྱི་གསལ་ཐོ་གཞིར་བཟུང་རྫོང་ཐད་གཏོགས་སྡེ་ཚན་གྱིས་སྣེ་ཁྲིད་པའི་འགན་སྒྲུབ་དོན་ཚན་དང་ཤང་གྲོང(ཁྲོམ་གཞུང)གི་འགན་སྒྲུབ་ལ་གཞོགས་འདེགས་བྱེད་པའི་དོན་ཚན་ལ་དཔྱད་ཞིབ་བྱེད་དགོས་པ་དང་། རྫོང་ཐད་གཏོགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྒྲིག་འཛུགས་མཐུན་སྦྱོར་བྱེད་པའི་གནས་ཚུལ་དང་། འགན་འཁྲི་དོན་འཁྱོལ་བྱེད་པའི་གནས་ཚུལ། ཤང་གྲོང(ཁྲོམ་གཞུང)གི་འགན་སྒྲུབ་གཞོགས་འདེགས་ལ་འགན་སྲུང་བྱེད་པའི་གནས་ཚུལ་སོགས་ལ་དཔྱད་ཞིབ་བྱེད་དགོས་པ། ཤང་གྲོང(ཁྲོམ་གཞུང)གིས་འགན་འཁྲི་དོན་འཁྱོལ་ལ་གཞོགས་འདེགས་བྱེད་པའི་གནས་ཚུལ་དང་རྫོང་ཐད་གཏོགས་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་བྱེད་པའི་གནས་ཚུལ་སོགས་ལ་དཔྱད་ཞིབ་བྱེད་དགོས། གོང་རིམ་སྡེ་ཚན་གྱིས་ཡར་བསྡུས་པའི་དོན་ཚན་གཞིར་བཟུང་ཤང་གྲོང(ཁྲོམ་གཞུང)ལ་དཔྱད་ཞིབ་བྱེད་མི་ཆོག

    《ཞིབ་ཕྲའི་བྱ་ཐབས》ནང་བླང་བྱ་བཏོན་དོན། ས་གནས་རིམ་ཁག་ཏང་ཨུད་ཀྱིས་ཤང་གྲོང(ཁྲོམ་གཞུང)གི་འགན་སྒྲུབ་དོན་ཚན་གྱི་གསལ་ཐོའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རྫོང་དང་ཤང་རིམ་པ་གཉིས་ཀྱི་ཏང་ཨུད་ཀྱིས་འགན་འཁྲི་ཏན་ཏིག་འཁུར་བ། ཏང་ཨུད་ཀྱི་ཧྲུའུ་ཅིས་སྣེ་ཁྲིད་དེ་གསལ་ཐོ་ཡག་པོ་སྤྱོད་པ་བཅས་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སྡེ་ཚན་གྱིས་གོང་དཔེ་འོག་སྟོན་བྱས་ནས་འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་ཡག་པོ་སྤྱོད་པའི་འབྲེལ་ཡོད་ཀྱི་ཞིབ་ཕྲའི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་བཟོ་བའི་བརྒྱུད་རིམ་ནང་ཤང་གྲོང(ཁྲོམ་གཞུང)གིས་དོན་འཁྱོལ་བྱེད་དགོས་པའི་ལས་དོན་ལ་ཞིབ་ཕྲའི་ལས་འགན་ཁ་གསལ་བཟོ་དགོས་པ་ལས་ཤང་གྲོང(ཁྲོམ་གཞུང)ལ་ཐད་ཀར་གསལ་ཐོའི་ནང་འཇུག་དགོས་པའི་བླང་བྱ་འདོན་མི་ཆོག་པ་དང་། “དོན་ཚན་སྣ་ཚོགས་ལ་ཐེ་ཇུས་བྱེད་རིགས”གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ས་གནས་ཁག་གིས་འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་ལག་བསྟར་བྱེད་པའི་གནས་ཚུལ་དེ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་སྐོར་ཞིབ་སྐོར་བཤེར་བྱེད་པ་སོགས་ཀྱི་ནང་དོན་གལ་ཆེན་ལ་བརྩི་དགོས། ལས་ཁུངས་སྒྲིག་གཞི་སྡེ་ཚན་གྱི་ཐེར་འདོན་ཁ་པར“12310”ཤར་གཏོང་བྱས་ནས་དཔེ་མཚོན་གྱི་གནད་དོན་ཡོངས་བསྒྲགས་སུ་བརྡ་ཁྱབ་གཏོང་དགོས་པ་དང་། མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་ཐག་གཅོད་ནན་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།