“བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི”སྲིད་དོན་ལས་རྗེས་ལྟ་བ་འཛུགས་དགོས།
ལྗོངས་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང“དོན་ཆེན་བཞིར”ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད། “གང་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པའི”ལག་ལེན་གྱི་དཔྱོད་དོན་འདིར་ལན་ཡག་པོ་རྒྱག་པ་དེ་ལས་སྒྲུབ་ལས་གཏོད་ཀྱི་ཐབས་ལམ་ལ་ཐུག་པ་མ་ཟད། ཏང་ཡོན་ལས་བྱེད་པའི་ཐེག་ཁུར་གྱི་རང་རྟགས་དེ་བས་ཀྱང་མངོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བཙུགས་ནས། བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི་བསམ་བློའི་གོ་རྟོགས་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཡོད་དགོས་ལ། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཏན་ཏན་ཏིག་ཏིག་ངང་ལས་དོན་སྒྲུབ་དགོས་ཞེས་ནན་བཤད་གནང་ཡོད། རྣམ་བཤད་གལ་ཆེན་འདིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་གཙང་སྒྲུབ་དང་ལས་སྒྲུབ་ལས་གཏོད་བྱེད་པར་བྱ་སྤྱོད་ཀྱི་ཁ་ཕྱོགས་བསྟན་ཡོད། ང་ཚོས་དམ་པ་དོན་གཉེར་དང་ཐེག་པ་ཁུར་ལེན་གྱིས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་ལས་རྗེས་དངོས་ཧུར་ཐག་གཏོད་དགོས།
“བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པ”ཞེས་པ་འདིས་ས་མཐོར་རྩ་བ་ཚུགས་ནས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་གསལ་འགྲེལ་བརྒྱབ་ཡོད། རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་སྐྱེ་ཁམས་ཁོར་ཡུག་དམིགས་བསལ་ཡིན་པས། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་དེ་སྙིང་རུས་གཏན་འཁྱོངས་ཀྱི་བརྟན་སྲུང་དང་ཁ་འབྲལ་ཐབས་མེད་ལ། ཏང་ཡོན་ལས་བྱེད་པས་མི་སྒེར་གྱི་ཐོབ་ཤོར་ལ་སྣང་བ་མི་གཏོང་བར་བྱ་གཞག་འཕེལ་རྒྱས་གཏོང་བའི་ལམ་རྡོ་ལྟ་བུ་དེ་བས་ཀྱང་བྱེད་དགོས་ཀྱི་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་རི་རྒོད་སྐྱ་ཐེར་ཐེར་ལ་སྔོ་ལྗང་གོས་བཟང་བཀླུབས་པ་དང་། ཡར་ཀླུང་གཙང་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོར“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་སྲུང་བཅད་བརྟན་པོ་བསྐྲུན་པ། ས་བབ་མཐོ་བའི་རྩྭ་ཐང་དུ་སྐྱས་སྤོས་རྩྭ་གསོ་བྱས་ཏེ་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་སྲུང་བྱས་པ། ལྷུན་རྩེ་རྫོང་གི་མི་རབས་མང་པོས་བྱེ་རླུང་ལྡང་བའི་ལུང་གཞུང་དེ་མུའུ་ཁྲི་ཟིན་པའི་སྔོ་ལྗང་ཁྱམས་རིང་དུ་བཏོད་པ་ལ་སོགས། འཛུགས་སྐྲུན་པ་མི་རབས་མང་པོས་མིག་མདུན་གྱི་ཁེ་གྲགས་དང་སྐབས་ཤིག་རིང་གི་ཐོབ་ཤོར་རྒྱབ་ཏུ་བསྐྱུར་ཏེ། བརྟན་སྲུང་དང་རྔུལ་ཆུར་བརྟེན་ནས་གངས་ལྗོངས་ས་མཐོའི་གནམ་སྔོན་དང་། ཆུ་དྭངས། ས་ལྗང་བཅས་བཏོད་དེ་བསམ་བློའི་གོ་རྟོགས་དང་རིན་ཐང་གཉེར་ཕྱོགས་འདིར་གསོན་ཉམས་དོད་པོས་གསལ་འགྲེལ་བརྒྱབ་ཡོད།
“བྱས་རྗེས་འཇོག་པར་ངས་ཡིས་འབད་པ”ལས་མཐའ་མཚམས་སྲུང་སྐྱོང་གི་འགན་འཁྲི་འཁུར་སེམས་མཚོན་གྱི་ཡོད། རང་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཚང་མ་དམག་འཐབ་དྲག་པོ་ཤ་སྟག་ཡིན་པས། ཕྱོགས་གང་སར་ཏན་ཏན་ཏིག་ཏིག་དང་འགན་འཁུར་ཐུབ་པ་དགོས་ཀྱི་ཡོད། གྲོང་སྡོད་ལས་བྱེད་པས་དུད་ཚང་དུ་བསྐྱོད་དེ་དམངས་ཀྱི་སེམས་ཁྲལ་སེལ་བ་དང་བོད་སྐྱོར་ལས་བྱེད་པ་ཁག་ཐེངས་རེ་རེས་རྒྱུན་མཐུད་དེ་ལས་དོན་སྒྲུབ་པ་ནས་མཐའ་མཚམས་ལས་བྱེད་པས་ཁ་བ་བུ་ཡུག་ལ་མ་འཛེམ་པར་ས་སྲུང་མཐའ་བརྟན་དང་སྐྱེ་ཁམས་བདག་སྐྱོང་པས་ཉིན་ལྟར་ནགས་རི་སྐོར་སྲུང་བྱེད་པའི་བར་དང་། ནས་ལས་སྣོན་ཞིབ་ཚགས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱེད་པ་དང་སློབ་གསོ་དང་སྨན་བཅོས་ཐོན་ཁུངས་གཞི་རིམ་ལ་ཕྱོགས་ནས་དམངས་སེམས་དྲོ་བར་བྱས་པ་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱིས་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་བ་དང་རིག་ལྡན་མཐའ་སྲུང་འཛུགས་སྐྲུན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པའི་བར། འཛུགས་སྐྲུན་པ་མི་རེ་ངོ་རེས་སྤྱིར་བཏང་གི་ལས་གནས་ཐོག་རང་འགན་གཙང་སྒྲུབ་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས“དོན་ཆེན་བཞི”དོན་ཐོག་ཏུ་འཁྱོལ་བར་བྱས་པ་ལས་བྱ་སྤྱོད་ཀྱི་རང་རྟོགས་དྲག་པོ་མངོན་ཡོད།
“བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི”སྲིད་དོན་ལས་རྗེས་ལྟ་བ་འཛུགས་པའི་འགག་རྩ་ནི་དམ་འཛིན་མཐིལ་ཕྱིན་པ་བྱེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་སེམས་ནུས་ཡོད་རྒུས་རྨང་གཞི་བརྟན་གཏོང་དང་ཕུགས་ལ་ཕན་པའི་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བརྟན་དུ་གཏོང་རྒྱུ་དེ་རེད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་ནི་སྔར་ནས་ད་བར་དུ་ཁྲལ་སེལ་ལས་གཡོལ་དང་སླ་བཅོས་ལེ་ལོ་བྱེད་པ་ཞིག་མིན་པར་མིག་མདུན་གྱི་ཁེ་ཕན་ཁོ་ནར་བརྔམ་པའི་བསམ་བློ་དོར་ནས་སྐབས་ཤིག་རིང་གི་བྱས་རྗེས་དང་ཕྱི་ཚུལ་གྱི་མིང་སྟོང་པར་མི་བརྔམ་པར་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ཕུགས་ཀྱི་འཕེལ་རྒྱས་ཨང་དང་པོར་འཇོག་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཁམས་བདེ་དམིགས་ཡུལ་དུ་འཛིན་པ་དེ་རེད། ཕན་འབྲས་ཐོན་འགོར་བ་དང་། དཀའ་ཚེགས་ཆེ་བ། དུས་འཁོར་རིང་བ་བཅས་ཀྱི་སྦས་འབྲས་ནི་ཏག་ཏག་བོད་ཀྱི་འཕེལ་རྒྱས་རྨང་གཞི་དང་འབྲེལ་བ་ཡོད་པ་དང་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་སྐྱོང་བའི་འགག་རྩའི་བྱ་སྤྱོད་ཅིག་རེད་ལ། “བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི”སྲིད་དོན་ལས་རྗེས་ལྟ་བའི་ལག་ལེན་གསོན་ཉམས་དོད་ཤོས་ཤིག་དེ་བས་ཀྱང་རེད།
ལོ་རྒྱུས་ཀྱིས་བརྟན་སྲུང་པ་དང་། འབད་འཐབ་པ། རྩོལ་འཐབ་པ་བཅས་ལ་གྱོང་གཏོང་མི་སྲིད། རྒྱང་ལམ་གསར་པར། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“བྱས་རྗེས་ལ་ཐོབ་རྩོད་མི་བྱེད་པའི”བློ་རྒྱ་ཡངས་པོ་དང“བྱས་རྗེས་འཇོག་པར་ང་ཡིས་འབད་པའི”ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལ་ཞུན་བརྡར་དང་ཏང་གཤིས་ལ་ཞུན་བརྡར་ཟམ་མི་ཆད་པར་སྤྲས་ཏེ། སེམས་ནུས་ཡོད་རྒུས་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་པ་བཅས་ཀྱི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།