རང་རྒྱལ་གྱིས་ཁོངས་སྒྲོལ་ཁྲལ་སློག་གི་བྱ་ཐབས་ལེགས་སུ་ཤུགས་ཆེན་བཏང་སྟེ་ཁོངས་འཛུལ་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། ཚོང་དོན་པུའུ་སོགས་སྡེ་ཚན་གྱིས་ཕྱི་ཕྱོགས་ལ་ཁོངས་སྒྲོལ་ཁྲལ་སློག་གི་བྱ་ཐབས་ལེགས་སུ་ཤུགས་ཆེན་བཏང་སྟེ་ཁོངས་འཛུལ་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ནས། ཁྲལ་སློག་ཚོང་ཁང་ཁྱབ་ཚད་མང་དུ་གཏོང་བ་དང་། འབོར་ཉུང་འཐེན་བཤེར་ལམ་ལུགས་ལག་ལེན་བསྟར་བ། “ཉོས་འཕྲལ་ཕྱིར་སློག”གི་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཞིབ་ཕྲའི་བྱ་ཐབས་ཁག་8བཏོན་ཡོད་པ་རེད།
བརྡ་ཐོའི་ནང་བཏོན་དོན། ཆ་རྐྱེན་འཛོམས་པའི་ཚོང་ཁང་སྔར་ལས་མང་བ་ཐོ་འགོད་བྱས་ཏེ་ཁྲལ་སློག་ཚོང་ཁང་ལ་འགྱུར་བར་སྐུལ་ལྕག་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཚོང་ཁང་གི་བཀོད་པ་ལེགས་སུ་གཏོང་དགོས། ས་གནས་ཁག་གིས་མངའ་ཁོངས་ཕྱིའི་འགྲུལ་པ་ཅུང་མང་བའི་ཚོང་སྐོར་དང་། མཛེས་ལྗོངས་ཁུལ། ཁྲོམ་ར། འགག་སྒོ་བཅས་ཁག་གཅིག་འདེམས་སྒྲུག་རྒྱག་པར་རྒྱབ་སྐྱོར་བྱས་ཏེ་གཙོ་གནད་གནས་ཡུལ་དུ་ཁྲལ་སློག་ཚོང་ཁང་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་པར་བྱེད་དགོས།
འབོར་ཉུང་འཐེན་བཤེར་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་ཞིང་། 2026ལོའི་ཟླ་7ཚེས་1ཉིན་ནས་བཟུང་། ཁྲལ་སློག་བྲིན་ཚོང་དངུལ་འབོར་སྒོར་ཁྲི་1མན་གྱི་ཁྲལ་སློག་འདུན་ཞུའི་གསལ་ཐོར་བསྡུར་གྲངས་ངེས་ཅན་ཞིག་བཟུང་སྟེ་འཐེན་བཤེར་བྱས་ནས་ཅ་ལག་དངོས་ལ་ཞིབ་དཔྱད་བྱ་རྒྱུ་དང་། ཁྲལ་སློག་བྲིན་ཚོང་དངུལ་འབོར་སྒོར་ཁྲི་1དང་དེ་ཡན་གྱི་ཁྲལ་སློག་འདུན་ཞུའི་གསལ་ཐོར་རེ་རེ་བྱས་ཏེ་ཅ་ལག་དངོས་ལ་ཞིབ་དཔྱད་བྱ་རྒྱུ་ཡིན་པ་རེད།
“ཉོས་འཕྲལ་ཕྱིར་སློག”གི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང“ཉོས་འཕྲལ་ཕྱིར་སློག”ཡུལ་གཞན་ནས་ཁས་ལེན་བྱེད་པར་སྐུལ་འདེད་བཏང་སྟེ“ཉོས་འཕྲལ་ཕྱིར་སློག”གི་ལས་སྒོ་གཉེར་མཁན་གྱི་འགྲུལ་པས་ཡུལ་གཞན་གྱི་འགག་སྒོ་ནས་ཁོངས་སྒྲོལ་ཁྲལ་སློག་གི་ལས་སྒོ་གཉེར་ཆོག་གི་ཡོད། ས་གནས་ཁག་གི“ཉོས་འཕྲལ་ཕྱིར་སློག”གི་ཁོངས་སྒྲོལ་དུས་བཀག་ཉིན་28བར་གཅིག་གྱུར་ཐོག་རིང་དུ་གཏོང་རྒྱུ་ཡིན་པ་རེད།
2026ལོའི་ཟླ་7ཚེས་1ཉིན་ནས་བཟུང་། འགག་སྒོ་དང་ཚབ་སྒྲུབ་སྒྲིག་གཞིས་ཁྲལ་སློག་གི་གསལ་ཐོ་དང་ཁྲལ་སློག་གི་དངོས་རྫས་བྲིན་ཚོང་གི་སྤ་སེ་དྲ་ཐོག་ནས་གཏན་འཁེལ་དང་ཁྲལ་སློག་ལས་སྒོ་གཉེར་ཆོག་པ་དང་ཁྲལ་སློག་གི་བརྒྱུད་རིམ་ཆ་ཚང་ཤོག་མེད་ཅན་གྱི་སྒྲུབ་གཉེར་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ་རེད།
བརྡ་ཐོའི་ནང་ད་དུང་བཏོན་དོན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་དང་། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་འདུ་ཚོགས། ཀྲུང་གོ་རྒྱལ་སྤྱིའི་འཛད་ཟོག་འགྲེམས་ཚོགས་སོགས་འགྲེམས་ཚོགས་གལ་ཆེན་སྐབས་ཁོངས་སྒྲོལ་ཁྲལ་སློག་གི་ཞབས་ཞུའི་ཆེད་ཁུལ་བཙུགས་ནས་ཡུལ་སྐོར་ཚོང་པས་ཅ་ལག་ཉོ་སྒྲུབ་དང་ཁྲལ་སློག་བྱེད་པར་སྟབས་བདེ་སྐྲུན་དགོས། རྒྱལ་སྤྱིའི་འགྲུལ་སྐྱེལ་མཁའ་ལམ་གྱི་དུས་གཏན་གནམ་གྲུ་མང་དུ་གཏོང་བར་སྔར་བས་སྐུལ་འདེད་བཏང་སྟེ་ཡུལ་སྐོར་བ་མངའ་ཁོངས་ནང་ཡོང་བར་སྟབས་བདེ་སྐྲུན་པ་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་ཀྱང་འདོན་དགོས།
འབྲེལ་ཡོད་གསར་འགྱུར།