གཙོ་བདག་དབར་གྱི་ཕྱི་འབྲེལ་གྱིས་ཁ་སྒྱུར་ཕྱོགས་སྟོན་བྱས་པས་ཀྲུང་ཨུའི་འབྲེལ་བ་རླུང་བརྟེན་རླབས་གཤགས་ཀྱིས་མདུན་དུ་སྐྱོད་པ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཟླ་5ཚེས་19དང་20ཉིན་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་དང་ཞལ་འཛོམས་གལ་ཆེན་གནང་ནས་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ་དང་འཆར་གཞི་བཀོད་ཡོད། དུས་ཡུན་རིང་པོའི་ནང་། ཀྲུང་ཨུའི་གཙོ་བདག་གིས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་དང་མཛའ་གྲོགས་འབྲེལ་བའི་རྒྱུན་མཐུད་དེ་གཟིགས་རྒྱང་རིང་བའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་ངོ་ཞུགས་འབད་འཐབ་ཀྱི་འཐབ་ཇུས་ཇུས་འགོད་ལ་བརྟེན་ནས་ཀྲུང་ཨུའི་འབྲེལ་བར་ལོ་རྒྱུས་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཆེས་རྩ་བ་དང་བློས་འཁེལ་ཤོས་ཀྱི་འགན་ལེན་གནང་ཡོད།
ལོ་སུམ་ཅུའི་འཐབ་ཇུས་མཉམ་ལས་ཀྱིས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་ཁ་ཕྱོགས་གཏན་འཁེལ་བྱས་ཡོད། ད་ལོ་ནི་ཀྲུང་ཨུའི་དབར་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་30འཁོར་བའི་ལོ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་པོས་སྲོལ་རྒྱུན་གྱི་དམག་དོན་ཆབ་སྲིད་མནའ་མཐུན་ལས་བརྒལ་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་བཙུགས་པ་དང་། རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་། ལྷག་བསམ་ཟོལ་མེད། འཆམ་མཐུན་མཉམ་གནས། གཉིས་ཁེ་གཉིས་ཕན་བཅས་ཀྱི་མིག་དཔེ་བཏོད་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་སོ་སོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བཅས་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་བཏང་ཡོད།
ལོ་ཉེར་ལྔའི་ཆིངས་ཡིག་གིས་བླ་སྲོག་བཏོད་དེ་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ད་ལོ་ནི《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་25འཁོར་བའི་ལོ་རེད། ལོ་25ཡི་རིང་ཀྲུང་ཨུས་ཐོག་མཐའ་བར་གསུམ་དུ་ཆིངས་ཡིག་གི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཡོང་བར་སྐུལ་འདེད་བཏང་ཡོད། 2019ལོར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བས། ཀྲུང་ཨུའི་འབྲེལ་བར་སླར་ཡང་ལོ་རྒྱུས་རང་བཞིན་གྱི་སྤུས་སྤོར་རིམ་སྤོར་ཐེངས་ཤིག་བྱུང་ནས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་དེ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་མྱུར་ལམ་ཐོག་བསྐྱོད་ཡོད། ཀྲུང་ཨུ་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་ལམ་སྲོལ་ནུས་ལྡན་ངང་འཁོར་སྐྱོད་བྱས་པས་དངོས་སྒྲུབ་མཉམ་ལས་སྤུས་འབོར་གཉིས་འཕར་དང་རྒྱ་སྐྱེད་གཏིང་ཟབ་བྱུང་ཡོད། 2025ལོར་ཀྲུང་ཨུ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་2279ཟིན་ནས་ལོ་གསུམ་བསྟུད་མར་ཨ་སྒོར་དུང་ཕྱུར་2000གི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་ཀྲུང་གོས་ལོ་16བསྟུད་མར་ཨུ་རུ་སུའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་ཨང་དང་པོའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། 2026ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་852.41ཟིན་པ་དེ་དུས་མཚུངས་ལས་19.7%འཕར་ཡོད། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མཉེན་ཆ་དང་འཕར་ཤུགས་རྒྱུན་མཐུད་མངོན་ཞིང་། ནུས་རྒྱུ་ཕན་ཚུན་སྦྲེལ་མཐུད་ནས་བྱང་སྣེའི་གྲུ་ལམ་གསར་འབྱེད་བར་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ནས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་བར་ཀྲུང་ཨུའི་དངོས་སྒྲུབ་མཉམ་ལས་ནང་དོན་དེ་བས་གཏིང་ཟབ་པ་དང་། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད།
“སློབ་གསོའི་ལོ”གཅིག་རྒྱུན་གཅིག་འཛིན་བྱས་ཏེ་མི་རབས་ནས་མི་རབས་བར་མཛའ་མཐུན་གྱི་དུས་རབས་ཀྱི་ས་རྒྱུ་གཤིན་པོ་སྐྲུན་ཡོད། ད་ལོ་ནི“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་ལོ་ཡིན་པ་དང་དེ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མིག་སྔར་གཞི་ཚུགས་པ་དང་། འབྱུང་འགྱུར་ལ་ཕྱོགས་པ། ཕུགས་ལ་དམིཌ་པ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་མི་རབས་ནས་མི་རབས་བར་མཛའ་མཐུན་རྒྱུན་འཛིན་བྱེད་པ་དང་། མི་ཆོས་རིག་གནས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ། གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱེད་པ་བཅས་ཀྱི་དངོས་སྒྲུབ་བྱ་ཐབས་ཤིག་རེད། མིག་སྔར། ཀྲུང་ཨུའི་སློབ་གསོའི་མཉམ་ལས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ནས། ཕྱོགས་གཉིས་པོའི་ཕྱི་སྦྱོང་སློབ་མ་ཁྲི་8ལྷག་ཙམ་ཟིན་པ་དང་། ཕྱོགས་གཉིས་པོས་མཉམ་ལས་སློབ་གཉེར་སྒྲིག་གཞི་དང་རྣམ་གྲངས་150ལྷག་ཙམ་མཉམ་དུ་བསྐྲུན་པར་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་སྐད་ཡིག་སྦྱོང་བའི་སྤྲོ་སེམས་ཆེས་ཆེར་འཕེལ་བ་དང་གཞོན་ནུའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་འཁྲུག་ཆ་དོད་པོ་ཡོད། ཀྲུང་ཨུའི་སློབ་གསོའི་ལོ་འགོ་འཛུགས་ས་གསར་པར་བྱས་ཏེ། རྒྱལ་ཁབ་གཉིས་པོས་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་དབར་ཕྱི་སྦྱོང་སློབ་མ་རྒྱུན་མཐུད་མང་དུ་གཏོང་བ། རིག་གཞུང་སྤེལ་རེས་དང་། ཤེས་ལྡན་པ་གསོ་སྐྱོང་། ཚན་ཞིབ་མཐུན་སྦྱོར། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་གཞོན་ནུའི་སེམས་ནང་མི་རབས་ནས་མི་རབས་བར་མཛའ་གྲོགས་ཀྱི་འདུ་ཤེས་བརྟན་པོ་འཇགས་པ་དང་གཅིག་རྒྱུན་གཅིག་འཛིན་ཐུབ་པ་བྱ་རྒྱུ་རེད།
མིག་སྔར་འཛམ་གླིང་འདི་ཉིད་ཡོ་ལང་ཆེ་བའི་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཤིང་། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་རུ་འགྲོ་བ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། འཐུས་ཚང་དང་། གཟབ་བརླིང་། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བའི་ཀྲུང་ཨུའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་རང་ངོས་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་འགན་ལེན་བརྟན་པོ་ཞིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་དང་འཛམ་གླིང་ཡུན་རིང་དར་རྒྱས་འགྲོ་བར་རྩ་ཆེའི་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་བསྣན་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཕྱོགས་སྟོན་སྣེ་ཁྲིད་འོག་ཀྲུང་ཨུའི་འབྲེལ་བའི་དུས་རབས་ཀྱི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤགས་དང་གྲུ་གཡོར་བཏེགས་ནས་མདུན་སྐྱོད་དང་། དེ་བས་དར་རྒྱས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཚེ། དུས་རབས་གསར་པའི་ཀྲུང་ཨུའི་མཛའ་གྲོགས་མཉམ་ལས་ཀྱི་བརྗིད་ཆེའི་ལེའུ་མུ་མཐུད་རྩོམ་ཐུབ་ངེས་རེད། (རྩོམ་པ་པོ་ནི་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)
འབྲེལ་ཡོད་གསར་འགྱུར།