དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོ་རྒྱུག་ཁུལ་ཐེམ་ཆེན་ཡུག་ཁུལ་དུ་དམར་ཕྱིའི་པར་ཆས་27བསྒར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-21

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་15ཉིན། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཐེམ་ཆེན་དོ་དམ་ཡན་ལག་ཅུས་ཀྱིས་སྲུང་སྐྱོང་ས་ཚིགས་ཁག་སྒྲིག་འཛུགས་བྱས་ཏེ་མཚོ་སྔོན་པོ་རྒྱུག་ཁུལ་ཐེམ་ཆེན་ཡུག་ཁུལ་གྱི་གཙོ་གནད་དོ་དམ་སྲུང་སྐྱོང་ཁུལ་དུ་དམར་ཕྱིའི་པར་ཆས་27བསྒར་ཞིང་། ཚན་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལ་མཐུན་རྐྱེན་སྦྱར་ནས། རྩྭ་ཐང་གི་སྐྱེ་ཁམས་དང་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་དང་དོ་དམ་ཚོད་འཛིན་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཁོངས་གཏོགས་ཁུལ་གྱི་རི་སྐྱེས་སྲོག་ཆགས་གི་ཁྱུ་ཚོགས་ཁྱབ་ཚུལ་དང་། འགྲོ་སྐྱོད་ཀྱི་ཁྱད་ཆོས། དེ་བཞིན་འཚོ་གནས་བྱ་ཡུལ་གྱི་གནས་ཚུལ་བཅས་ཁོང་དུ་ཆུད་པར་བྱས་ཏེ། ཕྱི་རོལ་སྐྱེ་ཁམས་སྲུང་སྐྱོང་དང་ལྟ་ཞིབ་ཚད་ལེན་གྱི་འགོག་སྲུང་འཛིང་རགས་བརྟན་པོར་སྐྲུན་ཡོད་པ་རེད།

    ཐེམ་ཆེན་ཡུག་ཁུལ་དེ་ཉིད་མཚོ་སྔོན་པོ་རྒྱུག་ཁུལ་གྱི་ཆུ་རྩ་གསོ་ཁུལ་དང་རྩྭ་ཐང་སྐྱེ་ཁམས་ཀྱི་ལྟེ་བའི་ཁུལ་གལ་ཆེན་ཞིག་རེད་ལ། རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་མང་པོའི་འཚོ་གནས་བྱ་ཡུལ་དང་གནས་སྤོའི་བགྲོད་ལམ་གལ་ཆེན་ཞིག་ཀྱང་ཡིན་པས། ས་ཁོངས་ཀྱི་སྐྱེ་ཁམས་མ་ལག་ཉམས་ཞན་ཡིན་ལ་ཚོར་སྣང་སྐྱེན་པས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བར་གྱུར་ཡོད། སྲོལ་རྒྱུན་གྱི་མི་ཐབས་སྐོར་སྲུང་བྱེད་སྟངས་ལ་ས་དབྱིབས་རྙོག་འཛིང་ཆེ་བ་དང་། སྐོར་ཞིབ་བྱེད་རྒྱ་ཆེ་བ། མཚན་གུང་གི་སྐོར་ཞིབ་ལ་མུན་ཁུལ་ཆེ་བ་སོགས་གྱི་ཚོད་འཛིན་ཕོག་པས་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་ལ་རྣམ་པ་ཀུན་ཏུ་དང་ཁྱོན་ཡོངས་ལ་ཁྱབ་པའི་ལྟ་ཞིབ་ཚད་ལེན་བྱེད་ཁག་པོ་ཡོད། ཕྱི་རོལ་གྱི་ལྟ་ཞིབ་ཚད་ལེན་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མི་ཐབས་སྐོར་སྲུང་དུས་མཚམས་ཀྱི་མི་འདང་ས་གསབ་ཆེད། ཐེམ་ཆེན་ཡུག་ཁུལ་གྱི་ས་དབྱིབས་དང་ཟུང་འབྲེལ་གྱིས་རི་སྐྱེས་སྲོག་ཆགས་འགུལ་སྐྱོད་ཀྱི་རྗེས་ཤུལ་དང་། ཆུ་རྩ་ཁྱབ་ཚུལ། རྩྭ་ཐང་གི་སྐྱེ་ཁམས་ཚོར་སྐྱེན་ཁུལ་སོགས་གཙོ་གནད་ས་ཁོངས་སུ་ཚན་རིག་དང་མཐུན་པའི་སྒོ་ནས་དམར་ཕྱིའི་པར་ཆས་བསྒར་ས་འཛུགས་པ་དང་། བཀོད་པ་ལུགས་དང་མཐུན་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། གཙོ་གནད་མངོན་གསལ་དོད་པ་བཅས་ཀྱི་རིག་ནུས་ཅན་གྱི་ཕྱི་རོལ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དྲ་བ་སྐྲུན་པ། རི་སྐྱེས་སྲོག་ཆགས་དང་རྩྭ་ཐང་གི་སྐྱེ་ཁམས་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བཅས་བྱས་ནས། མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་སྐྱེ་ཁམས་དཔྱད་དཔོག་བྱ་ཆེད་བརྙན་ཕབ་གྲངས་གཞིའི་འདེགས་སྐྱོར་བྱས་ཡོད། དེ་དང་ཆབས་ཅིག ཁྲིམས་འགལ་ངང་རྔོན་རྒྱག་པ་དང་སྔོ་ཁེབས་གཏོར་བཤིག་གཏོང་བ་སོགས་ཀྱི་བྱེད་སྤྱོད་ལ་འགོག་ཟོན་ནུས་ལྡན་བྱས་ནས། སྐྱེ་ཁམས་དོ་དམ་སྲུང་སྐྱོང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།

    ཐེམ་ཆེན་དོ་དམ་ཡན་ལག་ཅུས་ཀྱིས་དམར་ཕྱིའི་པར་ཆས་རྒྱུན་རྣམ་ཅན་གྱི་དོ་དམ་སྲུང་སྐྱོང་ལས་ཀའི་ལམ་སྲོལ་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་འགྱུར་ལྡོག་འགྲོ་ཚུལ་ལ་རྒྱུན་མཐུད་ངང་རྗེས་སྙེག་བྱ་རྒྱུ་རེད། དེ་དང་ཆབས་ཅིག ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཆེ་མོའི་གྲུབ་འབྲས་ལ་གང་ལེགས་བརྟེན་ནས་མི་ཐབས་སྐོར་སྲུང་ལམ་ཐིག་ལ་སྐབས་བསྟུན་ལེགས་སྒྲིག་བྱེད་པ་དང་། དོ་དམ་སྲུང་སྐྱོང་གི་འགན་འཁྲིའི་ས་ཁོངས་ཞིབ་ཚགས་སུ་གཏོང་བ། གཙོ་གནད་དུས་མཚམས་དང་གཙོ་གནད་ས་ཁོངས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། མི་ཐབས་སྐོར་སྲུང་དང་རིག་ནུས་ལྟ་ཞིབ་ཚད་ལེན་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་གསབ་རེས་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ། “མི་ཐབས་ཀྱིས་སྔོན་འགོག་བྱེད་པ་དང་ལག་རྩལ་གྱིས་སྔོན་འགོག་བྱེད་པ་ཟུང་དུ་འབྲེལ་བའི”ཕྱོགས་བསྡུས་ཅན་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་པོ་རྒྱུག་ཁུལ་གྱི་རྩྭ་ཐང་གི་སྐྱེ་ཁམས་བརྟན་ལྷིང་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་བདེ་འཇགས་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།