མཚོ་སྔོན་ལ་ད་ལོའི་ཁག་དང་པོའི་འཚོ་རྟེན་ལས་སྤྲོད་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི་32778ཐོབ་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གྱི་2026ལོའི་ཁག་དང་པོའི་འཚོ་རྟེན་ལས་སྤྲོད་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི་32778གཤམ་སྤྲོད་བྱས་པ་དེ་2025ལོའི་དུས་མཚུངས་ལས་སྒོར་ཁྲི་3322འཕར་བ་དང་འཕར་ཚད་11.28%ཟིན་ཡོད། མིག་སྔར་མ་འཇོག་འཆར་གཞི་དེ་ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8ལ་དབྱེ་ནས་གཤམ་སྤྲོད་བྱས་པ་དང་། རྫོང(གྲོང་ཁྱེར་དང་ཆུས)17གྱིས་ལག་ལེན་བསྟར་བའི་གྲོང་ཚོ་དང་དུད་ཚང་བར་གྱི་འགྲོ་ལམ་མཁྲེགས་འགྱུར་དང་ཆུ་ལམ་དང་ཡུར་བུ་ཉམས་བཟོ་སོགས་ཀྱི་ལས་གྲྭ་ཚུད་པའི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་འབྲིང་ཆུང་56ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་རེད།
ཁག་འདིའི་རྣམ་གྲངས་ནང་མང་ཚོགས་8700ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་རྒྱུ་དང་། དེའི་ནང་ཕ་ཡུལ་དུ་ལོག་མཁན་ཞིང་པ་ལས་མི་དང་དབུལ་སྒྲོལ་མི་འབོར་སོགས་གཙོ་གནད་ཚོགས་སྤྱི་ཚུད་ཡོད། སྔོན་དཔག་བྱས་ན་ངལ་ནུས་གླ་ཆ་སྒོར་ཁྲི་13400སྤྲོད་རྒྱུ་དང་། གྲོང་ཁྱེར་དང་ཀྲོའུ་ཁག་གིས“རྣམ་གྲངས་འཛུགས་སྐྲུན་ནི་ལས་སྟེགས་ཀྱི་གཞི་རྟེན་དང་ལས་ཞུགས་འབབ་འཕར་ནི་རྩ་བའི་དམིགས་ཚད་ཡིན”ཞེས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། འཚོ་རྟེན་ལས་སྤྲོད་ཀྱི་ཡུལ་མིའི་རང་སྐྲུན་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། རྫོང་ཁོངས་ནང་གི་མང་ཚོགས་ལས་གྲྭ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཐུབ་པ་བྱ་རྒྱུ་དང་། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལས་ཀ་བྱེད་པར་སྒྲིག་འཛུགས་བྱེད་པ། ངལ་ལས་གླ་ཆ་སྤྲོད་པ་བཅས་དང་ཆབས་ཅིག ངལ་ལས་རྩལ་ནུས་གསོ་སྦྱོང་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་སོགས་ཀྱི་མུག་སྐྱོབ་བྱེད་སྟངས་སྣ་ཚོགས་རྒྱ་ཆེར་ཧུར་ཐག་བཏང་ནས་ལས་ཞུགས་ཀྱི་ཁྱབ་རྒྱ་སྔར་བས་ཆེ་རུ་དང་སྣུར་སྲིང་བཏང་སྟེ། “མུག་སྐྱོབ”ཀྱི་ཕྱོགས་བསྡུས་ཕན་འབྲས་སྔར་བས་ལེགས་པའི་ངང་འདོན་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།
ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་རིམ་ཁག་འཕེལ་སྒྱུར་སྡེ་ཚན་ལ་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཏེ་རྣམ་གྲངས་གོ་རིམ་ལྡན་པ་དང་། ལས་མི་སྒྲིག་འཛུགས། མ་དངུལ་བེད་སྤྱོད། ལས་གྲྭའི་སྤུས་ཚད་བཅས་ཀྱི“འགག་སྒོ་ཆེན་པོ་བཞི”ནན་པོར་བསྲུངས་ཏེ། བརྒྱུད་རིམ་ཧྲིལ་པོའི་ལྟ་ཞིབ་ཚད་ལེན་བཀོད་གཏོང་དང་གདུབ་ཟུམ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དུས་ཐོག་ཏུ་དབྱེ་ཞིབ་མཐའ་དཔྱོད་དང་ཚབ་བཤེར་ཆད་གསབ་བྱས་ནས། འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་ཚད་ལྡན་དང་ནུས་ཆེའི་ངང་ལག་ལེན་བསྟར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།