ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་བས་མཐོ་སར་གནས་པ་དང་། དེ་བས་བརྟན་པོ་སྐྱོད་པ། དེ་བས་རྒྱང་རིང་དུ་སླེབས་པ་བཅས་ལ་སྐུལ་འདེད་གཏོང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཟླ་5ཚེས་19དང་20ཉིན་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་ནི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་རེད་ལ། དར་རྒྱས་གོང་འཕེལ་གྱི་བགྲོད་ལམ་ཐོག་གི་ལམ་གྲོགས་ཀྱང་རེད། མིག་སྔར། ཀྲུང་ཨུའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ནས་ཡུན་རིང་གི་ཁྱིམ་མཚེས་མཛའ་གྲོགས་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཁེ་མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་བཏོད་ཡོད།
ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་བཏང་སྟེ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་པ།
ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་30འཁོར་བའི་ལོ་ཞིག་ཡིན་ལ། 《ཀྲུང་ཨུའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》(གཤམ་དུ《ཆིངས་ཡིག》ཅེས་བསྡུ་རྒྱུ)ལ་མིང་རྟགས་བཀོད་ནས་ལོ་25འཁོར་བའི་ལོ་ཞིག་ཀྱང་རེད། ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
2025ལོའི་ཟླ་5ཚེས་7ནས་10ཉིན་བར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་སུའུ་ལན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད། 2025ལོའི་ཟླ་8ཚེས་31ཉིན་ནས་ཟླ་9ཚེས་3ཉིན་བར་ཙུང་ཐུང་ཕུའུ་ཅིང་ཀྲུང་གོར་ཕེབས་ནས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ཕ་རོལ་པོའི་རྒྱལ་ཁབ་ཀྱིས་གཉེར་བའི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེ་ཐོག་ནས། འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་མཁན་གྱི་རྒྱལ་ཁབ་གཙོ་བོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཆེན་པོ་ཡིན་པའི་ངོས་ནས། འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་སྲུང་སྐྱོང་དང་འཛམ་གླིང་དམག་ཆེན་གཉིས་པའི་ཡང་དག་པའི་ལོ་རྒྱུས་ལྟ་བ་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མངོན་ཡོད།
2025ལོར། ཀྲུང་གོ་དང་ཨུ་རུ་སུའི་དབར་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་བཅས་བྱུང་ནས། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་མི་དམངས་སླར་ཡང“གཉིས་མོས་མཉམ་འབད”བྱུང་ཡོད་ཅེས་བརྗོད་ཆོག 2026ལོའི་ཟླ་3པ་བར་ཀྲུང་ཨུའི་དབར་མཛའ་གྲོགས་གྲོང་ཁྱེར་དང་དེ་བཞིན་ཞིང་ཆེན་དང་ཀྲོའུ་177དང་། དཔལ་འབྱོར་ཚོང་དོན་ཆ་སྒྲིག་ཞིང་ཆེན་དང་ཀྲོའུ་བཅུ་གྲངས་ཁ་ཤས། ཀྲུང་གོའི་འབྲི་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་ས་ཁུལ་དང་ཨུ་རུ་སུའི་ཧྥུར་ཅ་གཙང་པོའི་ངོགས་ཀྱི་རྒྱལ་ཕྲན་མཉམ་འབྲེལ་ཁུལ་གྱི་ས་གནས་མཉམ་ལས་ལས་འཛིན་ལྷན་ཚོགས། ཀྲུང་གོའི་བྱང་ཤར་ས་ཁུལ་དང་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་། དེ་བཞིན་ཀྲུང་ཨུའི་མཛའ་གྲོགས་དང་། ཞི་བདེ། འཕེལ་རྒྱས་བཅས་ཨུ་ཡོན་ལྷན་ཁང་གི་ས་གནས་མཉམ་ལས་ལས་འཛིན་ལྷན་ཚོགས། ཁྱིམ་མཚེས་ས་ཁུལ་གྱི་དུས་བཀག་ཐུག་འཕྲད་ལམ་སྲོལ་སོགས་ལས་སྟེགས་བཙུགས་པ་རེད།
དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་དང་ཏན་ཏིག་བྱས་ནས་མི་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་བ།
དབྱར་ཟླ་5པའི་ཧར་པིན་དུ་ཀྲུང་ཨུའི་འགྲེམས་ཚོགས་སྐབས་བཅུ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། 2014ལོ་ནས་བཟུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཁྲིད་སྟོན་འོག་ཀྲུང་ཨུའི་འགྲེམས་ཚོགས་དེ་རྒྱལ་ཁབ་གཉིས་པོའི་དབར་གྱི་རིམ་པ་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་ལམ་སྲོལ་རང་བཞིན་གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་སྒོར་གྱུར་ཡོད། ད་ལོ་ཨུ་རུ་སུར་རྒྱལ་ཕྲན་མཉམ་འབྲེལ་གྱི་བྱེད་པོ་16གི་ཁེ་ལས་300ཙམ་འགྲེམས་སྟོན་ནང་ཞུགས་པ་དང་འགྲེམས་ཁུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་4500ཟིན་ཡོད།
ཧེ་ལུང་ཅང་ཞིང་ཆེན་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཁྲེན་ཧྲི་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲེམས་སྟོན་གྱི་གཞི་ཁྱོན་ཆེ་རུ་ཕྱིན་པ་ཕུད། སྐབས་འདིའི་འགྲེམས་ཚོགས་ཀྱི་མཐོ་གསར་ལག་རྩལ་དང་ཆེད་ཞིབ་ཁྱད་གསར་ཁེ་ལས་ཀྱིས་བཟུང་བའི་བསྡུར་ཚད་20%ལྷག་ཙམ་ཟིན་ནས་ཐོན་རྫས་གསར་པ་500ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱ་རྒྱུ་རེད། ཀྲུང་གོར་བཅའ་སྡོད་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་དཔལ་འབྱོར་འཕེལ་རྒྱས་པུའི་ཚོང་དོན་འཐུས་མི་ཁྲུའུ་ཡི་འཐུས་མི་ཡེ་ལན་ན·ཤེར་ཅིའུ་ཁོ་ཝ་ཡིས་ཨུ་རུ་སུ་དང་ཀྲུང་གོའི་མཉམ་ལས་དེ་བས་སྣ་མང་ཅན་དུ་གྱུར་ནས་ཚོང་དོན་རྐྱང་པའི་མཉམ་ལས་ནས་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་དང་། ཚན་རྩལ་མཐོ་བའི་མཉམ་ལས། ཡུན་རིང་གཉིས་ཁེའི་མ་འཇོག་བཅས་སུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། ཐོན་ལས་གྲུབ་ཆའི་ཐད་ཕན་ཚུན་གསབ་རེས་རང་བཞིན་ངེས་ཅན་ལྡན་པས། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན། ཀྲུང་གོའི་ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2025ལོར་ཀྲུང་གོ་དང་ཨུ་རུ་སུའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་2279ཟིན་ནས་ལོ་གསུམ་བསྟུད་མར་ཨ་སྒོར་དུང་ཕྱུར་2000གི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། ཀྲུང་གོས་ལོ་16བསྟུད་མར་ཨུ་རུ་སུའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་ཨང་དང་པོའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་ཀྲུང་ཨུ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་852.41ཟིན་པ་དེ་དུས་མཚུངས་ལས་19.7%འཕར་ཡོད།
ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་བ།
མིག་སྔར། ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་འཛམ་གླིང་དེ་ཉིད་ཡོ་ལང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་འགན་འཁྲི་འཁུར་བའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་གལ་ཆེན་འཁུར་བཞིན་ཡོད། དུས་བབ་ཇི་ཙམ་ཡོ་ལང་ཆེ་ན། ཀྲུང་ཨུའི་འབྲེལ་བ་གནད་སྨིན་དང་། བརྟན་ལྷིང་། བློ་བརྟན་འགྱུར་མེད་བཅས་ཀྱི་ཁྱད་ཆོས་དེ་ཙམ་གྱིས་མངོན་གསལ་དོད་པ་དང་། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་དང་ཕྱོཌ་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་དགོས་ངེས་རང་བཞིན་དེ་བས་མངོན་གསལ་དོད་པོ་ཡོད།
ན་ནིང་ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་རིང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་གནང་བ་དང་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་འགོར་རྦད་དེ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། ཀྲུང་གོ་ཕྱོགས་དང་དོན་དམ་པའི་གྲོས་བསྡུར་གནང་རྗེས་སླར་ཡང་ཡུལ་དུས་མི་འདྲ་སར་ཁས་ལེན་ཐེངས་མང་གནང་ཡོད། མི་རིང་བའི་གོང་། “5·9”རྒྱལ་ཁའི་ཉིན་མོའི་རྟེན་འབྲེལ་མཛད་སྒོ་མཇུག་འགྲིལ་རྗེས་ཀྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཙུང་ཐུང་ཕུའུ་ཅིང་གིས་ཨུ་ཀྲུང་འཐབ་ཇུས་མཉམ་ལས་དེ་གདོང་ཐུག་བཀག་འགོག་དང་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩའི་ཀ་རྟེན་དུ་གྱུར་ཡོད་ཅེས་གསུངས་པ་རེད།
ཀྲུང་གོའི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་དང་ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཁུའུ་ལི་ཁོ་ཝ་ཡིས་ཨུ་ཀྲུང་འཐབ་ཇུས་མཉམ་ལས་དེ་གོ་ལ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགག་རྩའི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་རྒྱུར་མུ་མཐུད་སྐུལ་མ་ཐེབས་རྒྱུ་རེད་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།