ཀན་སུའུ་ཞིང་ཆེན་ལིན་ཐའོ་རྫོང་གིས་ཞིང་ལས་འགན་བཅོལ་ཁྱབ་ཁོངས་རྒྱ་ཆེར་བཏང་བ།
ཞིང་པ་གསར་པར་འགན་འཛིན་གསར་པ་ཡོད་པ།
ཟླ་བ་5པའི་ཟླ་འགོར། གད་འོག་ནས་ལྟ་དུས་ཆར་པ་སིམ་སིམ་ཞིག་བབས་ཤིང་། མགོ་སྟེང་དུ་འུར་སྒྲ་ཞིག་གྲགས་པ་དང་བསྟུན་ནས་ཀན་སུའུ་ཞིང་ཆེན་ལིན་ཐའོ་རྫོང་ཧུང་ཆི་ཤང་ཧྲི་ཅ་ཡའོ་གྲོང་ཚོར་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་མཁའ་དབྱིངས་སུ་འཕུར་ནས་ཞིང་སྨན་གཏོར་འགོ་ཚུགས།
མི་མེད་གནམ་གྲུ་བཀོལ་སྤྱོད་བྱེད་མཁན་ནི་ཞིང་པ་གསར་པ་ཝང་ཙུའུ་མེ་ཡིན་པ་དང་། ཁོང་ནི་སན་ཤིང་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་རེད། ཁོང་གི་བཀོལ་སྤྱོད་འོག་མི་མེད་གནམ་གྲུ་ཞིང་ནང་དུ་ཐིག་པོར་འཕུར་བ་དང་། མཐོ་གནོན་སྨུག་སྒྱུར་མ་ལག་གིས་གྲོ་ཞིང་ལ་ཞིང་སྨན་སྙོམས་པོ་གཏོར་བཞིན་ཡོད། དེ་སྔ་མི་4ཡིས་གྲོ་ཞིང་མུའུ་200ལ་ཞིང་སྨན་གཏོར་བར་དུས་ཚོད་གཟའ་འཁོར་གཅིག་འགོར་བ་དང་། ད་ཆ་མི་མེད་གནམ་གྲུ་སྤྱད་ཚེ་ཉིན་གཅིག་ལས་འགོར་གྱི་མེད་པ་མ་ཟད། ད་དུང་མུའུ་རེར་མ་གནས་སྒོར་15ཙམ་ཆག་ཡོད་པ་རེད།
“ང་ཚོ་སྐབས་འགར་རི་ཁུལ་དུ་ལས་ཀ་བྱེད་དགོས་ཀྱི་ཡོད། དེ་གར་ས་བབ་རྙོག་འཛིང་ཆེ་བས་གསོ་སྦྱོང་ལ་ཞུགས་མྱོང་ཡོད་ཀྱང་མི་མེད་གནམ་གྲུ་གློག་ཤིང་ལ་རྡུང་བ་དང་ཤིང་སྡོང་ལ་འཁོན་པའི་སེམས་ཁྲལ་འདུག”ཅེས་ཝང་ཙུའུ་མེ་ཡིས་ཐག་རིང་གི་ས་བབ་རྙོག་འཛིང་ཆེ་བའི་རི་ཁུལ་ལ་མཛུབ་མོ་འཛུགས་བཞིན་དེ་ལྟར་བརྗོད་པ་དང་། ཁོང་གིས“ད་ཆ་དེ་འདྲ་མ་རེད། ང་ཚོས་མི་མེད་གནམ་གྲུའི་མ་སྒྲོམ་དང་དེ་བཞིན་ལྷུ་ལག་སྒྲིག་ཆས་ལ་སྔོན་དཔག་དཀའ་བའི་གྱོང་གུན་གྱི་འགན་བཅོལ་ཉོས་ཡོད། གལ་ཏེ་མི་མེད་གནམ་གྲུར་བསམ་ཡུལ་ལས་འདས་པའི་ཆག་སྐྱོན་བྱུང་ཚེ་འགན་བཅོལ་ཀུང་སིས་དུས་ཐོག་ཏུ་གྱོང་གུན་གཏན་འཁེལ་བྱས་ནས་སྐྱིན་ཚབ་སྤྲོད་ཀྱི་འདུག རང་ཉིད་ཀྱིས་དངུལ་བཏང་ནས་ཉམས་བཟོ་བྱེད་མི་དགོས་པས་བློ་བདེ་པོ་འདུག”ཅེས་ངོ་སྤྲོད་བྱས་པ་རེད།
ལིན་ཐའོ་རྫོང་དུ་མཁའ་དབྱིངས་ཀྱི་མི་མེད་གནམ་གྲུར“སྲུང་འཁོར”ཡོད་པ་མ་ཟད། ས་སྟེང་གི་ཞིང་འཕྲུལ་ལའང་དུས་འཁོར་ཧྲིལ་པོའི་འགན་བཅོལ་གྱི“འགན་སྲུང”ཡོད་པ་རེད།
ཕྱི་དྲོའི་ཆུ་ཚོད་དང་པོ་ཙམ་ལ་ཞིང་སྨན་གཏོར་ཟིན་པ་དང་། ཆར་ཤུལ་གྱི་བཞའ་ཚན་ཡག་པོ་དང་བསྟུན་ནས་ཝང་ཙུའུ་མེ་ས་ཆ་གཞན་ཞིག་ལ་མ་རྨོས་ལོ་ཏོག་འདེབས་པར་བསྐྱོད། ཁོང་གིས་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་ས་ཞིང་རྨོ་འགོ་ཚུགས་ཤིང་། “མཉམ་ལས་ཁང་གི་ཞིང་འཕྲུལ་4ལ་དུས་འཁོར་ཧྲིལ་པོའི་འགན་བཅོལ་ཉོས་ཡོད། ཉོ་བ་ནས་སྤྱོད་པ་དང་དེ་ནས་ཉམས་བཟོ་བྱེད་པའི་བར། བརྒྱུད་རིམ་ཧྲིལ་པོར་འགན་སྲུང་ཐུབ་པས་བཀོལ་སྤྱོད་བྱེད་སྐབས་བློ་དེ་བས་བདེ་པོ་འདུག”ཅེས་བརྗོད་པ་རེད།
ལིན་ཐའོ་རྫོང་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་འགན་བཅོལ་ཀུང་སི་དང་མཉམ་དུ་ཞིང་འཕྲུལ་སྤྱོད་མཁན་ལ་ཉོ་སྒྲུབ་དང་། བེད་སྤྱོད། ཉམས་བཟོ། རྙིང་དོར་བཅས་འཁོར་འབྲེལ་ཧྲིལ་པོར་ཁྱབ་པའི་འགན་བཅོལ་ཐོན་རྫས་བཏོན་ཡོད་པ་རེད།
འདེབས་ལས་མཇུག་སྒྲིལ་ཉེའི་མཚམས་སུ། འགན་བཅོལ་ཀུང་སིའི་ཞིང་ལས་འགན་བཅོལ་གྱི་ཀྲོན་ཡོན་གཉིས་ཞིང་ནང་དུ་འབྱོར་ཏེ་བཀོད་ཡིག་དང་པར་ལེན་འཕྲུལ་འཁོར་གྱི་གནས་ཚུལ་ལ་ཞིབ་བསྡུར་བྱས་ཤིང་། འཕྲུལ་ཆས་ཀྱི་རྩིས་ཁྲ་གསར་པ་བརྗེ་ཞོར་དུ་ཝང་ཙུའུ་མེ་ལ་འགན་བཅོལ་དོན་ཚན་གསར་ཤོས་འགྲེལ་བཤད་བརྒྱབ་པ་རེད། “དེ་སྔོན་འགན་བཅོལ་ཉོ་སྐབས་རྫོང་གྲོང་དུ་སྐྱོད་དགོས་ཀྱི་ཡོད། ད་ཆ་ལས་དོན་པ་ཞིང་ནང་མུ་ཁར་ཞབས་འདེགས་ཞུ་བར་ཡོང་གི་འདུག་པས། སྒྲུབ་དགོས་པའི་དོན་དག་ས་གནས་ས་ཐོག་ཏུ་ཐག་གཅོད་ཐུབ་ཀྱི་འདུག”ཅེས་ཝང་ཙུའུ་མེ་ཡིས་བརྗོད་པ་རེད།
“སྲིད་ཇུས་ལ་བརྟེན་ནས་ཞིང་དུད་ཀྱི་སེམས་ཁྲལ་སེལ་ཐུབ་པ་མ་ཟད། ཞིང་འཕྲུལ་གསར་པ་ཁྱབ་གདལ་གཏོང་བའི་མྱུར་ཚད་དེ་བས་མགྱོགས་སུ་ཕྱིན་ཡོད། མིག་སྔར། ལིན་ཐའོ་རྫོང་གིས་གྲོང་ཚོ་རིམ་པའི་ཞིང་འཕྲུལ་མཉམ་ལས་ཁང་16ཏུ་སྔོན་ལ་ཚོད་ལྟ་བྱས་ནས་རིན་ཐང་མཐོ་བའི་སྒུལ་ཤུགས་འཕྲུལ་ཆས་121ལ་འགན་བཅོལ་ཉོས་ཡོད”ཅེས་ལིན་ཐའོ་རྫོང་ཞིང་ལས་འཕྲུལ་ཆས་ཞབས་ཞུ་ལྟེ་གནས་གཞུང་ལས་ཁང་གི་ཀྲུའུ་རེན་ཨོའུ་ཧུང་ཞ་ཡིས་བརྗོད་པ་དང་། ཁོང་གིས། འགན་བཅོལ་ཉོས་པ་བརྒྱུད་ཞིང་དུད་ཀྱི་གཉེར་སྐྱོང་ཉེན་ཁ་ཆུང་དུ་ཕྱིན་པ་མ་ཟད། ད་དུང་ཞིང་འཕྲུལ་གསར་པ་ཁྱབ་གདལ་བེད་སྤྱོད་གཏོང་བར་སྐུལ་འདེད་ཀྱང་ཐེབས་ཡོད་ཅེས་བརྗོད་པ་རེད།
ཞིང་འཕྲུལ་འགན་བཅོལ་ཕུད། ཝང་ཙུའུ་མེ་ཡིས་དེ་གོང་ད་དུང་ཞིང་ལས་ལོ་ཏོག་ལ་མ་གནས་ཆ་ཚང་གི་འགན་བཅོལ་ཉོས་ཡོད། ན་ནིང་དབྱར་དུས། ལིན་ཐའོ་རྫོང་དུ་དྲག་ཆར་བབས་པས་ཝང་ཙུའུ་མེ་ཡིས་བཏབ་པའི་གྲོ་ཞིང་ལ་གནོད་སྐྱོན་ཤུགས་རྐྱེན་ཐེབས་ཡོད། “གནོད་འཚེ་ཕོག་པའི་ཉིན་དེ་རང་ལ་ངས་འགན་བཅོལ་ཀུང་སིར་གནས་ཚུལ་སྙན་སེང་ཞུས་པ་ཡིན། ལས་དོན་པ་ལམ་སེང་ཞིང་ནང་དུ་ལྟ་བཤེར་དང་གནོད་འཚེ་ཕོག་པའི་གནས་ཚུལ་ལ་དཔྱད་བསྡུར་བྱེད་པར་ཡོང་བ་མ་ཟད། ཡུན་རིང་མ་འགོར་བར་སྐྱིན་ཚབ་དངུལ་ཡང་རག་བྱུང”ཞེས་ཝང་ཙུའུ་མེ་ཡིས་བརྗོད་པ་རེད།
ད་ལོ། མཉམ་ལས་ཁང་གིས་འདེབས་འཛུགས་གཞི་ཁྱོན་སྔར་བས་རྒྱ་ཆེར་བཏང་ནས་གྲོ་ཞིང་མུའུ་150དང་མ་རྨོས་ལོ་ཏོག་མུའུ་350ལ་མ་གནས་ཆ་ཚང་གི་འགན་བཅོལ་ཉོས་ཤིང་། ཝང་ཙུའུ་མེ་ཡིས“ང་ཚོས་ད་དུང་སྤུས་རྟགས་ཐོ་བཀོད་བྱས་ནས་གྲོ་ཞིབ་ལས་སྣོན་ཞིབ་ཚགས་བྱེད་པར་ནུས་ཤུགས་ཆེན་པོ་བཏོན་ཡོད། སྲིད་ཇུས་ཀྱིས་ང་ཚོར་ལམ་སྟོན་ཐུབ་པ་དང་འགན་བཅོལ་གྱིས་ང་ཚོར་བློ་ཁོག་རྙེད་པས། འབྲུ་རིགས་ཡག་པོ་འདེབས་པའི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང”ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།