མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་གྱིས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པར་མང་ཚོགས་ལ་གདེང་ཚོད་དེ་བས་ལྡན་པར་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སྒྱུར་བཅོས་ཁག་ལ་སྐུལ་འདེད་གཏིང་ཟབ་ཐེབས་པ་དང་། འགན་ལེན་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ། དོ་དམ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པ། ཐེབས་རྩ་འཁོར་རྒྱུག་བདེ་འཇགས་དང་བརྟན་པོ་བྱུང་བ་སོགས། ཟླ་5ཚེས་17ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། སྲིད་ཇུས་དང་བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་མི་སེར་གྱིས་སྨན་པ་བསྟེན་པར་འགན་ལེན་དང་སྨན་བཅོས་བྱེད་པར་དངོས་ཕན་ཐོབ་པར་བྱས་ལ། སྨན་བཅོས་སྒྲིག་གཞིའི་བྱ་སྤྱོད་ཚད་ལྡན་དང་འཕེལ་རྒྱས་གཏོང་བར་དེ་བས་གདེང་ཚོད་ལྡན་པར་བྱས་ཡོད།
མཚོ་སྔོན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱ་ཆེ་རུ་གཏོང་བ་དང་འགག་སྒྲོལ་བྱས་ཏེ། “སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་མཉམ་ལས། གཞི་རིམ་གྱིས་མཉམ་འགུལ”བཅས་ཀྱི་འགན་བཅོལ་ནང་ཞུགས་པའི་ཕུགས་ཕན་ལམ་སྲོལ་བཙུགས་ཤིང་། 2025ལོར་ཞིང་ཆེན་ཡོངས་ཀྱི་འགན་བཅོལ་ནང་ཞུགས་ཚད་100.73%ཟིན་པ་དང་ལོ་གསུམ་བསྟུད་མར་འགན་བཅོལ་ནང་ཞུགས་རྒྱུའི་ལས་འགན་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་སྟེ་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སྲ་བརྟན་དང་འབྲེལ་མཐུད་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། ཞིང་ཆེན་ཡོངས་ཀྱི་གཙོ་གནད་མི་སྣ་འགན་བཅོལ་ནང་ཞུགས་ཚད་99%ཡན་ཟིན་པ་དང་། སྨན་ཁང་དུ་བསྡད་པའི་སྨན་རིན་རྩིས་ཞུའི་བསྡུར་གྲངས་80%ཡན་ཟིན་པ། “གལ་ཆེན་གསུམ”གྱི་འགན་སྲུང་ལམ་ལུགས་ཀྱི་ཕན་པ་རིམ་རྩིས་བརྒྱབ་ན་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་310.97ལ་ཐོབ་པ། སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་སྒོར་དུང་ཕྱུར་109.55ཡང་དུ་ཕྱིན་ཡོད།
སྤྱི་འདོམས་ས་ཁོངས་དང་། སྨན་བཅོས་སྒྲིག་གཞི། རིན་སྤྲོད་ནད་རིགས། སྨན་བཅོས་འགན་བཅོལ་ཐེབས་རྩ་བཅས“ཡོངས་ཁྱབ་བཞིའི”དོན་དངོས་ལ་གཞི་ཚུགས་པ་དང་ནད་ཚན(DRG)དང་ནད་རིགས་ཀྱི་བཟུང་གྲངས(DIP)གཞིར་བཟུང་རིན་པ་སྤྲོད་པའི་2.0པར་གཞིའི་ཁག་བགོས་ཇུས་གཞི་དོན་འཁྱོལ་བྱས་ཏེ། DRGཡི་ནད་ཚན་གྱི་དཀར་ཆག་དང་། གནས་ཚད། རྨང་གཞིའི་ནད་ཚན་བཅས“གཅིག་གྱུར་གསུམ”ཡོང་བར་བྱས་ཡོད།
ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་བཅོས་ཚན་ཁག་དང་། ཉེན་ཚབས་ཆེ་རིགས་ཀྱི་ནད་གཞི་སྐྱོབ་བཅོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་སོགས་ཁྱབ་ཁོངས་ལ་དམིགས་ཏེ། སྨན་རིན་སྤྲོད་པའི་ཚད་གཞི་ལེགས་སྒྲིག་བྱས་པ་མ་ཟད། སྨན་ཁང་ལ་གཙོ་ལས་ཟབ་སྤེལ་བྱས་ནས་ཆུ་ཚད་མཐོ་རུ་གཏོང་དགོས་པའི་སྐུལ་ལྕག་ཀྱང་བཏང་ཡོད། སྨན་བཅོས་འགན་བཅོལ་གྱི་སྨན་རིན་སྔ་འདོན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་འཁོར་རྒྱུག་གི་མ་དངུལ་གྱི་གནོན་ཤུགས་ནུས་ཤུགས་ཡོད་རྒུས་ཆུང་དུ་བཏང་ཞིང་། སྨན་བཅོས་འགན་བཅོལ་གྱི་དཀར་ཆག་དོ་དམ་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ། བོད་ལུགས་དང་སོག་ལུགས་སྨན་ཁང་གི་སྨན་རྫས་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་རྒྱལ་ཡོངས་སུ་གཞན་གྱི་སྔོན་ལ་བཏོན་པ་དང་འབྲེལ་ཟམ་མི་ཆད་པར་ལེགས་སྒྲིག་བྱས་པར་ཁྱོན་རིགས་531དང་ཁ་གྲངས་3200ཡོད་པ་དེས་རྒྱལ་ཡོངས་ཀྱི་མི་རིགས་གསོ་རིག་དོ་དམ་ཐད་མཚོ་སྔོན་གྱི་ཉམས་མྱོང་འཚོལ་ཞིབ་བྱས་ཡོད།
ས་ཁོངས་སྨན་བཅོས་ལྟེ་གནས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། ནད་གཞི་ཆེ་རིགས་དང་ལྕི་རིགས་ཀྱི་ནད་བརྟག་སྨན་བཅོས་འཆར་གཞི་ལེགས་སྒྲིག་དང་ནད་བརྟག་སྨན་བཅོས་ཀྱི་སྟོང་ཆ་སྐོང་བའི་གསར་གཏོད་རྣམ་གྲངས་གལ་ཆེན་དང་དེ་བཞིན་གཙོ་གནད་ནང་འདྲེན་རྣམ་གྲངས་ཐད། “ཐོགས་མེད་བགྲོད་ལམ”སྐྲུན་པ་དང་། རེ་ཞུའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། རྣམ་གྲངས་ཐོ་འགོད་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་གང་མགྱོགས་ནད་ཐོག་སྨན་བཅོས་བྱེད་པར་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད། སྨན་བཅོས་ཞབས་ཞུའི་རིན་གོང་ཐད། དབང་རྩའི་མ་ལག་དང་སྙིང་ཁམས་ཁྲག་རྩའི་མ་ལག་དང་འབྲེལ་བ་ཡོད་པའི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་318ཀ་པ་རིགས་ཀྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པས་བཟུང་བའི་བསྡུར་གྲངས་70%ཙམ་ཟིན་པ་དང་འབྲེལ། གཤགས་བཅོས་སྨན་བཅོས་ཐད་སྤྱོད་པའི་རིན་ཐང་མཐོ་བའི་ཟད་ཆེའི་རྒྱུ་ཆའང་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཁྱབ་ཁོངས་ནང་བཅུག་ཡོད།
འབྲེལ་ཡོད་གསར་འགྱུར།