ཞིང་ལས་དངུལ་ཁང་གཞིས་རྩེ་སྐྱིད་གྲོང་རྫོང་ཉིང་ལག་དངུལ་ཁང་གིས།
དངུལ་རྩས་བོད་ཀྱི་འགག་སྒོར་མཐུན་རྐྱེན་སྦྱར་ཏེ་ཀྲུང་གོའི་གློག་འཁོར་ཕྱི་རྒྱལ་གྱི་ཁྲོམ་རར་འདོན་པར་རམ་འདེགས་བྱས་པ།

འདི་ནི་ཞིང་ལས་དངུལ་ཁང་སྐྱིད་གྲོང་འགག་སྒོའི་ཉིང་ལག་དངུལ་ཁང་གི་ལས་མིས་ཁེ་ལས་སུ་བསྐྱོད་ནས་བརྟག་ཞིབ་བྱེད་བཞིན་པ།
ཉེ་ཆར། ཞིང་ལས་དངུལ་ཁང་གཞིས་རྩེ་སྐྱིད་གྲོང་རྫོང་ཉིང་ལག་དངུལ་ཁང་ཁོངས་གཏོགས་ཀྱི་སྐྱིད་གྲོང་འགག་སྒོའི་ཉིང་ལག་དངུལ་ཁང་གིས་སྐྱིད་གྲོང་རུའེ་ཉི་འཕྲུལ་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིར་རྒྱལ་སྤྱིའི་ཚོང་དོན་གྱི་མ་དངུལ་བསྡུ་རུབ་དངུལ་བུན་སྒོར་ཁྲི་300བཏང་ཡོད། དེ་ནི་2026ལོར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བཟོ་སྐྲུན་ལས་རིགས་ཁེ་ལས་ལ་ཕྱོགས་ནས་བཏང་བའི་རྒྱལ་སྤྱིའི་ཚོང་དོན་གྱི་མ་དངུལ་བསྡུ་རུབ་དངུལ་བུན་ཐོག་མ་ཡིན་ཞིང་། དེས་ཁེ་ལས་རྒྱལ་མཚམས་བསྒྲལ་ནས་གཉེར་སྐྱོང་བྱེད་སྐབས་མ་དངུལ་ཁ་ཐང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས། འགག་སྒོའི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་དངུལ་རྩའི་སྒུལ་ཤུགས་བསྣན་ཡོད།
རྒྱལ་མཚམས་བསྒྲལ་ནས་གཉེར་སྐྱོང་བྱེད་པ་དང་ཐོན་ནུས་ཆེ་རུ་གཏོང་བའི་ཁེ་ལས་དེའི་དགོས་མཁོ་དངོས་ལ་དམིགས་ཏེ། ཞིང་ལས་དངུལ་ཁང་སྐྱིད་གྲོང་རྫོང་ཉིང་ལག་དངུལ་ཁང་གིས་རང་འགུལ་ངང་འབྲེལ་གཏུག་བྱས་ཤིང་། ཆེད་དོན་ཞབས་ཞུའི་ཚོགས་པ་འཛུགས་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་སྒྲུབ་རིམ་དང་པོར་གནས་ཚུལ་མཐིལ་རྟོགས་བྱེད་པར་སྐྱོད་པ། ཁེ་ལས་ཀྱི་གཉེར་སྐྱོང་ཁྱད་ཆོས་དང་འཕེལ་རྒྱས་འཆར་འགོད་དང་ཟུང་འབྲེལ་གྱིས་མ་དངུལ་བསྡུ་སྒྲིལ་གྱི་ཇུས་གཞི་བཟོ་བ། ཞིབ་མཆན་འགོད་པའི་ཐོགས་མེད་བགྲོད་ལམ་གཏོད་པ། དངུལ་བུན་ནུས་ཆེའི་ངང་གཏོང་བ་བཅས་བྱས་ཏེ། ཐོན་སྐྱེད་ཚོང་ཟོག་གྲབས་གསོག་དང་རྒྱལ་ཕྱིའི་ཁྲོམ་ར་རྒྱ་སྐྱེད་གཏོང་བའི་ཐད་ཀྱི་ཁེ་ལས་ཀྱི་མ་དངུལ་ཁ་ཐང་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད།
“མ་དངུལ་དེ་དུས་ཐོག་ཏུ་ལག་འབྱོར་བྱུང་བས་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་སྐྱེད་གཏོང་བའི་ང་ཚོའི་གནད་དོན་ཐག་གཅོད་ཐུབ་སོང”ཞེས་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་བརྗོད།
འབྲེལ་ཡོད་གསར་འགྱུར།