སྣང་རྫོང་སྣང་གྲོང་རྡལ་གྱིས།
སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་ཁྱབ་གདལ་བཏང་བ།
ཉེ་ཆར། སྣང་རྫོང་སྣང་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་སྒོ་རའི་དཔལ་འབྱོར་དང་སྒོ་རའི“ཨ་ཞང”གཉིས་མཉམ་འདྲེས་བྱེད་སྟངས་ཁྱབ་གདལ་བཏང་སྟེ། བཅོས་སྐྱོང་གི་གཙོ་གནད་སྒོ་རར་ཕྱོགས་ནས་གཞི་རིམ་བཅོས་སྐྱོང་གི“མཐའ་མའི་འགག་གནད”བསལ་ཏེ། མང་ཚོགས་རང་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པ་ཞིག་བཏོད་ཡོད།
སྣང་གྲོང་རྡལ་གྱིས་སྲིད་ཇུས་ཤེས་པ་དང་། སྙན་གྲགས་ལྡན་པ། ལེགས་སྐྱེས་འབུལ་རྒྱུར་དགའ་བ་བཅས་ཀྱི་མང་ཚོགས་ཀྱི་སྣེ་འཁྲིད་མཁན“ཨ་ཞང”དུ་བསྐོས་པ་དང་། མང་ཚོགས་ཀྱིས་ཡིད་ཆེས་ཐོབ་པའི“ཉེ་འགྲམ་གྱི་མི”འབྲེལ་ཐག་ཏུ་བྱས་ནས“ཏང་ཨུད་དང་སྲིད་གཞུང་གིས་ཁྲིད་སྟོན་དང་། ‘ཨ་ཞང’གིས་སྣེ་ཁྲིད་ནས་སྒྲིག་འཛུགས་བྱེད་པ། མང་ཚོགས་རྒྱ་ཁྱབ་ངང་ཞུགས་པ”བཅས་ཀྱི་རང་སྐྱོང་རྣམ་པ་ཞིག་བཏོད་དེ། ཐོན་ཁུངས་སྣ་ཚོགས་དང་མང་ཚོགས་ཀྱི་བློ་གྲོས་སྒོ་རར་བསྡུ་སྒྲིལ་བྱས་ནས་བཅོས་སྒྲིག་དང་། འཕེལ་རྒྱས། ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ལས་སྟེགས་ཤིག་ཏུ་འགྱུར་བར་བྱས་ཡོད།
ཐོན་ལས་ཐད“ཨ་ཞང”གིས་སྣེ་ཁྲིད་ནས“སྒོ་རའི་སློབ་ཁང”གཉེར་ཏེ་ཞིང་དུད་ལ་འབྲས་ཤིང་གཡོག་བྱེད་བྱེད་སྟངས་ཚད་ལྡན་མཛུབ་ཁྲིད་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་དྲོད་ཁང་ཆེ་མོའི་ལག་རྩལ་བེད་སྤྱོད་པ། སྒོ་རའི་ཐོན་སྐྱེད་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་པས། འབྲེལ་ཡོད་ས་ཁོངས་ཀྱི་འབྲས་ཤིང་ལ་འབྲས་བུ་འདོགས་ཚད་15%ཡན་དང་། དྲོད་ཁང་ཆེ་མོ་སྤྱོད་ཚད་དང་ཕན་འབྲས་ཐོན་ཚད་30%ཙམ་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག ཞིང་དུད་ལ་ཁྱད་ལྡན་འདེབས་གསོའི་ལས་རིགས་དང་། ལག་ཤེས་བཟོ་རྩལ། གློག་ཚོང་གི་སྐད་འཕྲིན་ཚོང་ཁང་སོགས་ལས་རྣམ་སྣ་མང་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་ཤིང་། 2025ལོར་སྒྲིག་འཛུགས་བྱས་པའི་སྒོ་རའི་ཁྱད་ལྡན་ཐོན་རྫས་ཀྱི་དྲ་ཐོག་འགྲེམས་ཚོང་འདུ་ཚོགས་ཐོག་མ་གཉེར་བར་ཉིན་དེར་ཕྱིར་ཚོང་བྱེད་ཚད་སྒོར་8000ལྷག་ཙམ་ཟིན་ནས། དེའི་ནང་བཞུགས་མཁན་ཞིང་དུད་རེར་ཆ་སྙོམས་འབབ་འཕར་སྒོར་1000ལྷག་ཙམ་བྱུང་ཡོད།
གཞན་ཡང་། སྣང་གྲོང་རྡལ་གྱིས་ད་དུང་ཞིང་འབྲེལ་ཞིང་སྐུལ་གྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་ཧུར་ཐག་བཏོད་དེ“ཨ་ཞང”གིས་སྣེ་ཁྲིད་དེ་ཞིང་དུད་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པར་ཁྲིད་སྟོན་བྱས་པ་མ་ཟད། སྣེ་འདྲེན་ཁེ་ལས་དང་གློག་ཚོང་ལས་སྟེགས་དང་སྦྲེལ་མཐུད་བྱས་ནས་གཞིས་ལུས་ངལ་རྩོལ་ནུས་ཤུགས་དང་། ངལ་རྩོལ་ནུས་ཤུགས་ཞན་པར་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱས་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། ཚོད་ལྟའི་ས་ཁོངས་ཀྱི་ཞིང་དུད་ཀྱི་ལོའི་ཡོང་འབབ་ཁྲོད་སྒོ་ར་དང་འབྲེལ་བའི་ཡོང་འབབ་ཆ་སྙོམས་སྒོར་5000ལྷག་ཙམ་འཕར་བ་དེས་ཁྱིམ་ཚང་གི་ཡོང་འབབ་བསྡོམས་འབོར་གྱི་30%བཟུང་ཡོད།
འབྲེལ་ཡོད་གསར་འགྱུར།