བཟོ་བོའི་བླ་སྲོག་བརྟན་པོར་བསྲུངས། དུས་རབས་འགན་འཁྲི་ཕྲག་ཏུ་ཁུར།
——ཡར་ཆུའི་ཨར་སྐྲུན་རྒྱུ་ཆ་གསར་པས་གངས་ལྗོངས་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་རྒྱབ་རྟེན་གྱི་ནུས་པ་བཏོན་པ།

འདི་ནི་ལྟེ་བའི་ཚོད་འཛིན་ཁང་བཟོ་རྩལ་ཁོའོ་ཡི་ལས་དོན་པས་ཨར་འདམ་སྲེག་ཆས་བཀོལ་བཞིན་པ།

འདི་ནི་སྤུས་ཚད་ཞིབ་བཤེར་ཁོའོ་ཡི་ལས་དོན་པས་མ་བཅོས་རྒྱུ་ཆར་དབྱེ་ཞིབ་བྱེད་བཞིན་པ།

འདི་ནི་གློག་ཤུགས་འཁོར་ཁང་གི་ལས་དོན་པས་སྒྲིག་ཆས་ལ་སྐོར་ཞིབ་བྱེད་བཞིན་པ།
ས་བབ་སྨི་4000ལྷག་ཙམ་ཟིན་པའི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་རེ་ས་ཤང་དུ། “ས་བབ་མཐོ་ཤོས་ཀྱི་ཨར་འདམ་བཟོ་འཁོར”ཞེས་པའི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་མཚན་སྙན་ཐོབ་པའི་གཞིས་རྩེ་གྲོང་ཁྱེར་ཡར་ཆུ་འཛུགས་སྐྲུན་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི(གཤམ་དུ་ཡར་ཆུ་ཀུང་སི་ཞེས་བསྡུ་རྒྱུ)4000t/dདུལ་རྒྱུའི་ཨར་འདམ་བཟོ་འཁོར་ཉིན་མཚན་མེད་པར་འཁོར་སྐྱོད་བྱེད་བཞིན་ཡོད། ཀུང་སི་དེ་ནི་ས་བཀྲའི་ཐོག་གི་གནས་ཚད་ཅིག་ཡིན་པ་མ་ཟད། བོད་ཀྱིས་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་དེ་བས་ཀྱང་རེད། གཞུང་ཁོངས་ཀྱི་མ་རྐང་བཏང་འཛིན་ཁེ་ལས་ཤིག་ཡིན་པའི་ཡར་ཆུ་ཀུང་སིས“སྤུས་ཚད་ལ་བརྟེན་ནས་གནས་ཐུབ་པ་དང་ཡིད་ཆེས་དང་སྙན་གྲགས་ལ་བརྟེན་ནས་འཕེལ་རྒྱས་དོན་དུ་གཉེར་བའི”འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་པས་ཁྲོམ་རའི་ཐོག་བསྔགས་བརྗོད་ཐོབ་ཡོད། དིང་རིའི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་བྱེད་རིང་ཀུང་སིས་ས་ཡོམ་བརྒྱབ་རྗེས་ཀྱི་མཁོ་སྤྲོད་འགན་ལེན་ལས་འགན་80%ལྷག་ཙམ་བླངས་པས། “བསྐྱར་སྐྲུན་སེམས་སུ་བཅངས་ཏེ་མཁོ་སྤྲོད་འགན་ལེན་བྱེད། གེགས་ཁུལ་དྲོ་སྐྱིད་སྦྱིན་ནས་འགན་འཁྲི་མངོན་པར་བྱེད”ཅེས་པའི་བསྔགས་བརྗོད་ཐོབ་ཡོད། དེ་ཡང་2023ལོར་ཐོན་སྐྱེད་བྱེད་འགོ་ཚུགས་ཚུན། ཡར་ཆུ་ཀུང་སིས་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི་སེམས་ཤུགས་ལ་བརྟེན་ནས་གངས་ལྗོངས་ས་མཐོར་གསར་གཏོད་ཀྱིས་སྣེ་ཁྲིད་དང་། ཁེ་ལས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བརྗིད་ཆེའི་ལེའུ་ཞིག་བརྩམས་ཡོད།
གསར་གཏོད་ལ་བརྟེན་ནས་འཛམ་གླིང་ཡང་རྩེར་བཟོ་ལས་ཀྱི་ཚད་ཤིང་བཙུགས་པ།
ས་བབ་སྨི་4000ཡན་ཟིན་པའི་ས་མཐོར་དེང་རབས་ཅན་གྱི་ཨར་འདམ་བཟོ་འཁོར་སྐྲུན་སྐབས། རླུང་གནོན་དམའ་བ་དང་། གསོ་རླུང་དཀོན་པ། གྲང་ངར་ཆེ་བ་བཅས་ནི་མཐར་སོན་ལ་གདོང་གཏུག་པའི་ཐད་ཀའི་འགྲན་སློང་ཞིག་ཡིན་ལ། སྒྲིག་ཆས་དང་། བཟོ་རྩལ། མི་སྣ་བཅས་ལ་མཚོན་ན་སྔར་བྱུང་མ་མྱོང་བའི་ཚོད་བགམ་ཞིག་ཀྱང་རེད། ཡར་ཆུ་ཀུང་སིས་ཐོག་མར་འབོད་སྐུལ་བྱེད་པའི་བློ་སྟོབས་ལ་བརྟེན་ནས་ཧང་སངས་དགོས་པའི་རྒྱུགས་ལན་ཞིག་ཕུལ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེས་ཁྱོན་མ་དངུལ་སྒོར་དུང་ཕྱུར་13བཏང་ནས་རྒྱལ་ནང་གི་སྔོན་ཐོན་སྐམ་བསྲེག་ཨར་འདམ་བཟོ་འཁོར་གྱི་ལག་རྩལ་གསར་པ་ནང་འདྲེན་བྱས་པ་དང་། སྔོན་ཐོན་རང་འགུལ་ཅན་གྱི་ཚོད་འཛིན་དང་སྤུས་ཚད་ཞིབ་དཔྱད་ཚད་ལེན་མ་ལག་བསྒར་བས། ཉིན་རེར་དུལ་རྒྱུ་ཏུན་4000ཐོན་སྐྱེད་དང་ལོར་ཏུན་ཁྲི་150ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད།
སྐྱེ་ཁམས་ཉམས་ཞན་ཡིན་པའི་གངས་ལྗོངས་ས་མཐོར་ལྗང་མདོག་འཕེལ་རྒྱས་གཏོང་བ་ནི་སྔོན་འགྲོ་ཞིག་རེད། ཡར་ཆུ་ཀུང་སིས་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ཐོན་གྱི་ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུ་གྲོན་ཆུང་གི་སྒྲིག་ཆས་ཉོས་པས། 2024ལོར་བོད་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་གཏེར་རིའི་མིང་གཞུང་དུ་ཚུད་པ་དང་། “2024ལོའི་ཨར་འདམ་ལས་རིགས་ཀྱི་ཆེས་གཙང་བཟོ་གྲྭ”དང“ཆུ་གྲོན་ཆུང་གི་དཔེ་སྟོན་ཁེ་ལས”ཀྱི་མཚན་སྙན་ཐོབ་ཡོད། 2025ལོའི་ལོ་སྟོད་དུ་བཟོ་འཁོར་གྱི་ལག་རྩལ་ལ་སྒྱུར་བཅོས་བྱས་པའི་དབང་གིས་ཨར་འདམ་ཏུན་གཅིག་བཟོ་བའི་ནུས་རྒྱུའི་ཟད་གྲོན་ཆེས་ཆེར་ཆག་སྟེ་ལོ་ཧྲིལ་པོར་གློག་ཆན་ཝ་ཁྲི་550གྲོན་ཆུང་ཐུབ་ནས་དཔལ་འབྱོར་དང་སྐྱེ་ཁམས་གཉིས་ཀར་ཕན་པ་ཐོབ་ཡོད།
འགན་འཁྲི་ཕྲག་ཏུ་ཁུར་ནས་དུས་རབས་ཀྱི་ཚོད་བགམ་ཆེན་པོའི་ཁྲོད་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ།
ལོ་མང་རིང་། ཡར་ཆུ་ཀུང་སིས་ཁེ་ལས་ཀྱི་ལས་དབང་དེ་རྒྱལ་ཁབ་ཀྱི་དགོས་མཁོ་དང་། ས་གནས་ཀྱི་འཕེལ་རྒྱས། དམངས་འཚོའི་བདེ་སྐྱིད་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དུས་རབས་གསར་པའི་གཞུང་ཁོངས་ཁེ་ལས་ཀྱི་ཀ་གདུང་ལྟ་བུའི་ནུས་པ་འདོན་བཞིན་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། 2025ལོར་གཞིས་རྩེའི་གེགས་རྗེས་བསྐྱར་སྐྲུན་གྱི་འགག་རྩའི་དུས་མཚམས་སུ་ཡར་ཆུ་ཀུང་སིའི་ཨར་འདམ་ཐོན་ཚད་རྒྱུན་གཏན་གྱི་མང་ཤོས་དུས་ཀྱི་ཏུན་7000ལྷག་ཙམ་ནས་ཏུན་ཁྲི་1.4ལྷག་ཙམ་བར་འཕར་ཡོད་པ་རེད། མི་སྣ་དང་སྒྲིག་ཆས་ཀྱིས་ཉིན་མཚན་མེད་པར་ཐོན་སྐྱེད་གང་ཐུབ་བྱས་ནས། 2025ལོར་རིམ་རྩིས་བརྒྱབ་ན། གེགས་རྗེས་བསྐྱར་སྐྲུན་ལ་ཨར་འདམ་ཏུན་ཁྲི་50མཁོ་འདོན་བྱས་ཡོད། དེ་དང་དུས་མཚུངས་སུ་གེགས་ཁུལ་གྱི་མི་དམངས་ལ་སྒོར་ཁྲི་32དང་གུར་དང་རྡོ་སོལ་སོགས་འཕྲལ་མཁོའི་དངོས་ཟོག་འབོར་ཆེན་ཞལ་འདེབས་བརྒྱབ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གེགས་ཁུལ་མི་དམངས་ལ་གཅེས་སེམས་མཚོན་པར་བྱས་པ་དང་དྲོ་སྐྱིད་སྦྱིན་ཏེ“ཡར་ཆུའི་སྟོབས་ཤུགས”ཏན་ཏིག་ལ་བརྟེན་ནས་གེགས་ཁུལ་མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་བཏང་མེད་པ་རེད།
མཐའ་དར་དམངས་ཕྱུག་གི་ལག་ལེན་ཁྲོད་ཡར་ཆུ་ཀུང་སིས་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་291ཐད་ཀར་མཁོ་འདོན་བྱས་པའི་ནང་། བོད་རིགས་ལས་བཟོ་128དང་ས་གནས་དེ་གའི་སློབ་གྲྭ་ཆེ་མོ་བ་90བསྡུས་ཡོད་པ་དང་ལས་བཟོ་མི་རེར་ཟླ་རེར་ཆ་སྙོམས་གླ་ཆ་སྒོར་8000ལྷག་ཙམ་ཟིན་གྱི་ཡོད་པ་རེད། དེའི་རྨང་གཞིའི་ཐོག་ཀུང་སིས་ཐོན་ལས་སྐྱེ་ཁམས་འཁོར་འབྲེལ་དེ་བས་མང་དུ་བཏང་ནས། རླངས་འཁོར་གྱི་ཟོག་འགྲེམས་དང་ཚོང་དོན་སོགས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ས་གནས་དེ་གའི་སྲིད་འཛིན་གྲོང་ཚོ་10དང་མཉམ་ལས་གཏིང་ཟབ་བྱས་ཤིང་། རིམ་རྩིས་བརྒྱབ་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་8000ལྷག་ཙམ་བཏོད་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
རེ་ས་ཤང་རྫོང་འཛོམས་དཔེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དོན་གྲུབ་ཀྱིས“ཡར་ཆུའི་ཨར་འདམ་བཟོ་གྲྭ་བཙུགས་རྗེས་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད། ང་ཚོས་ཡར་ཆུའི་ཨར་འདམ་གྱི་མ་བཅོས་རྒྱུ་ཆ་དང་ཨར་འདམ་སྐྱེལ་འདྲེན་ལ་བརྟེན་ནས་གྲོང་མི་ཡོངས་སྒྲིག་འཛུགས་བྱས་ཏེ་སྐྱེལ་འདྲེན་ཀུང་སི་བཙུགས་པ་དེ་ད་ཆ་གྲོང་ཚོའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོར་གྱུར་ཡོད་ཅིང་། དུད་ཚང་ཚང་མས་ཁང་པ་གསར་པ་བརྒྱབ་ཡོད། ད་ཆ་གྲོང་ཚོར་ཚོང་ཁང་དང་། ཟ་ཁང་། རླངས་འཁོར་ཉམས་བཟོ་ཁང་བཅས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། གསར་དུ་བསྒར་བའི་ལམ་སྒྲོན་ལས་རྒྱལ་ལམ་318ཁྲ་ཐིང་ངེར་འགྱུར་བ་མ་ཟད། ཡུལ་མི་ཚོའི་ཕྱུག་འགྱུར་ལམ་བུར་ཡང་དེ་བས་འོད་སྣང་སྦྱིན་ཡོད”ཅེས་བཤད།
སྒོ་དབྱེ་སྦྲེལ་ཟམ་དུ་བྱས་ནས“རྒྱུད་གཅིག་ལམ་གཅིག”ཏུ་རྣམ་པ་གསར་པ་བཏོད་པ།
ཡར་ཆུ་ཀུང་སིས་ད་དུང་མིག་རྒྱང་དེ་བས་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་སྤྱིའི་གར་སྟེགས་ལ་ཕྱོགས་ནས་འབད་བརྩོན་བྱེད་བཞིན་ཡོད་ཅིང་། 2024ལོའི་ཟླ་6ཚེས་27ཉིན། སྐྱིད་གྲོང་འགག་སྒོར་རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲ་གྲགས་པ་དང་ཆབས་ཅིག ཡར་ཆུའི་ཨར་འདམ་བླུགས་པའི་ཟོག་འདྲེན་རླངས་འཁོར་ཁག་དང་པོ་འགག་སྒོ་ནས་ཐོན་ཏེ་དམིགས་སའི་ཁུལ་ནེ་པ་ལའི་ཕྱོགས་སུ་བསྐྱོད་ཡོད། དེ་ཐོག་ནས་བོད་ཀྱི་ལྗང་མདོག་ཨར་སྐྲུན་རྒྱུ་ཆ་གཞི་ཁྱོན་ཅན་གྱི་ཕྱིར་གཏོང་བྱེད་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཡོད།
ཡར་ཆུ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧྥན་ཀོང་ཁའེ་ཡིས“ཟོག་འདྲེན་རླངས་འཁོར་དང་པོ་རྒྱལ་མཚམས་ནས་སྒྲོལ་སྐབས་དེ་གར་ཡོད་པའི་ལས་རོགས་ཚང་མས་དགའ་བསུ་ཚད་མེད་ཞུས་སོང་། དེ་ནི་ཡར་ཆུ་ཨར་འདམ་གྱི་ཁྲོམ་ར་རྒྱ་ཆེར་ཕྱིན་པ་ཙམ་མ་ཟད། བོད་ཀྱི་བཟོ་སྐྲུན་ནུས་པར་རྒྱལ་སྤྱིའི་ཁྲོམ་རའི་ཁས་ལེན་ཐོབ་པའང་མཚོན་གྱི་ཡོད”ཅེས་གསར་འགོད་པར་བཤད། 2023ལོའི་ལོ་མཇུག་ཏུ། རྒྱལ་སྤྱིའི་ཁྲོམ་ར་གསར་སྤེལ་བྱ་ཆེད། ཡར་ཆུ་ཨར་འདམ་ཀུང་སིའི་འཐུས་མི་ཡིན་པའི་ཁོང་གིས་ནེ་པ་ལའི་རྒྱལ་སྤྱིའི་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་དགུ་པར་ཞུགས་པ་རེད། དངོས་མང་སྟོན་ཚོགས་ཐོག་ནེ་པ་ལའི་འགོ་ཁྲིད་ཀྱིས་ཡར་ཆུ་ཨར་འདམ་གྱི་འགྲེམས་གནས་སུ་ལྟ་ཞིབ་བྱེད་པར་ཡོང་བ་མ་ཟད། ཡར་ཆུ་ཀུང་སིའི་ཨར་འདམ་ཐོན་རྫས་ཀྱི་སྤུས་ཚད་དང་ནུས་པར་ཚད་མཐོའི་གདེང་འཇོག་ཀྱང་བྱས་པ་རེད།
ས་བབ་མཐོ་ཤོས་སུ་ལག་རྩལ་གྱི་ཟིན་ཐོ་བཏོད་པ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་འདོགས་པའི་འགན་འཁྲི་འཁུར་བའི་བར་དང་དེ་ནས་ལ་ཀླུང་མང་པོ་བརྒལ་བའི་སྒོ་དབྱེའི་མཉམ་ལས་བར། ཡར་ཆུ་ཀུང་སིའི་འབད་འཐབ་ཀྱི་ལོ་རྒྱུས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དུས་རབས་ཀྱི་བསྟོད་གླུ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།