དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-20

    ཉིན་ཤས་བསྟུད་མར་མངའ་རིས་ས་ཁུལ་གྱིས་ཞིང་ལས་ཀྱི་དུས་ཚོད་ལ་དམ་འཛིན་གྱིས་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་ཞིང་ནང་དུ་ལས་བྲེལ་གྱི་རྣམ་པས་ཁེངས་ཤིང་། ཞིང་ལས་ལག་རྩལ་མི་སྣས་ཞིང་ལས་ལག་རྩལ་གྱི་ཞབས་འདེགས་འཐབ་ས་དང་པོར་ཞུས་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོར་མངའ་རིས་ས་ཁུལ་གྱིས་ས་ཞིང་ཁྱོན་མུའུ་ཁྲི་2.87ལ་འབྲུ་རིགས་འདེབས་རྩིས་ཡོད་པའི་ནང་ནས་མུའུ་ཁྲི་2.62ལ་ནས་འདེབས་རྩིས་ཡོད་པ་དང་། མུའུ་ཁྲི་0.29ལ་སྔོ་ཚལ་འདེབས་རྩིས་ཡོད་པ་རེད། མིག་སྔར་མུའུ་8793ལ་འབྲུ་རིགས་བཏབ་ཟིན་པ་དང་དེའི་ནང་མུའུ་8391ལ་ནས་བཏབ་ཡོད། མུའུ་664ལ་སྔོ་ཚལ་བཏབ་ཟིན་པ་དང་ཐོན་ཚད་ཏུན་211ཟིན་ཡོད། ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་ལས་གྲྭར་བརྟེན་ནས་ལོ་འཁོར་མོའི་ནས་འདེབས་པའི་ལས་འགན་སྒྲུབ་རིང་ས་ཞིང་མུའུ་10650ལ“བོད་ནས་2000”དང“བོད་ནས་3000”སོགས་སོན་བཟང་ལེགས་འདེམས་ཀྱིས་ཁྱབ་གདལ་བཏང་བས་ནས་ཀྱི་སོན་བཟང་ཁྱབ་ཚད་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད་པ་རེད།

    མིག་སྔའི་བར། རིམ་རྩིས་བརྒྱབ་ན་ལོ་ཏོག་སྣ་ཚོགས་ཀྱི་ས་བོན་ཏུན་646.14ཉོ་སྒྲུབ་བྱས་པ་དང་། རྫས་ལུད་ཏུན་209.678ཉོ་སྒྲུབ་བྱས་ཡོད།

    གཞན་ཡང་མངའ་རིས་ས་ཁུལ་གྱིས་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་དང་། ཞིང་འཕྲུལ་ཉོ་སྒྲུབ། ལོ་ཏོག་གི་སོན་བཟང་སོགས་རིགས་ཁག་གི་ཞིང་ལས་ཁ་གསབ་མ་དངུལ་སྒོར་ཁྲི་372.2སྤྲད་པ་དང་ཆབས་ཅིག 2026ལོའི་སྲིད་ཇུས་རང་བཞིན་གྱི་ཞིང་འབྲེལ་འགན་བཅོལ་ཞུ་གྲོན་སྒོར་ཁྲི་82.68དོན་འཁྱོལ་བྱས་ཏེ། ཞིང་དུད་ཀྱི་ཐོན་སྐྱེད་ཉེན་ཁ་ནུས་ལྡན་ངང་ཆུང་དུ་བཏང་བ་དང་མང་ཚོགས་ཀྱི་འབྲུ་རིགས་བཏབ་པའི་ཁེ་འབབ་བརྟན་དུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།