སྡེ་ཁུལ་ཆུང་ཆུང་ནང་གི་བརྩེ་སེམས་ཆེན་པོ།
——ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་གྱི“དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་ལས་ཀའི་སྐོར་བཀོད་པ།
2025ལོར་ཀླུ་སྒུག་སྡེ་ཁུལ་རྒྱལ་ཡོངས་ཀྱི“དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་རྣམ་གྲངས་ས་ཚིགས་སུ་བདམས་ཐོན་བྱུང་ནས། མཚན་སྙན་དེ་ཐོབ་མཁན་གྱི་བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་ཚན་པ་འབའ་ཞིག་ཏུ་གྱུར། ལོ་དེའི་ཟླ་བ་6པར་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་རྗེས། སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་དམིགས་བསལ་ཁྱིམ་ཚང་12ལ་དམིགས་ནས་རྒྱུན་གཏན་གྱི་ལྟ་སྐྱོང་དང་། བརྩེ་བ་ཟབ་མོའི་ཐུགས་ཁུར། འཚོ་བའི་རོགས་སྐྱོར་སོགས་ཀྱི་དགོས་མཁོར་གཞིགས་ནས་སེམས་རྩ་འཁོལ་པོས་དམངས་ལ་ཐུགས་ཁུར་དང་དམངས་ཕན་ལས་དོན་ཧུར་ཐག་སྒྲུབ་པ་དང་། ཁེར་སྡོད་དང་དམིགས་བསལ་ཚོགས་སྤྱིར་དྲོ་སྐྱིད་ཟབ་མོ་སྦྱིན་པ། གངས་ལྗོངས་ས་མཐོའི་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། དམིགས་བསལ་ཁྱིམ་ཚང་ལ་དྲོ་སྐྱིད་ཟབ་མོ་ཚོར་བར་བྱས་པ་རེད།
སྒྲིག་སྲོལ་ལམ་ལུགས་བཙུགས་ནས་རྨང་གཞི་བརྟན་དུ་བཏང་། གནད་སྨིན་རོགས་སྐྱོར་བྱས་ནས་མི་སེམས་དྲོ་བར་བྱས།
དམིགས་བསལ་ཁྱིམ་ཚང་ལ་ཕྱོགས་ཡོངས་དང་ཡུན་རིང་རོགས་སྐྱོར་མི་ཐུབ་པའི་དཀའ་གནད་སེལ་ཆེད། ཀླུ་སྒུག་སྡེ་ཁུལ་གྱིས་རོགས་སྐྱོར་ལམ་ལུགས་ཁག་བཞི་གསར་གཏོད་ལྡན་པའི་ངང་བཙུཌ་པ་དང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་གཅེས་སྐྱོང་རོགས་སྐྱོར་མ་ལག་བསྐྲུན་ཏེ། དམིཌ་བསལ་ཁྱིམ་ཚང་ལ་ལྟ་སྐྱོང་ཡག་པོ་ཐུབ་པར་བྱས་པ་རེད།
སྡེ་ཁུལ་གྱིས་དུད་ཚང་རེར་ཡིག་ཚགས་རེ་བཟོ་བའི་སྐབས་བསྟུན་དོ་དམ་བྱ་ཐབས་ལག་བསྟར་བྱས་ནས་དམིགས་བསལ་ཁྱིམ་ཚང་12ལ་ཆེད་གཏོགས་རྩིས་ཁྲ་བཟོས་ཏེ། ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་། གཟུགས་པོ་བདེ་ཐང་གི་གནས་ཚུལ། དེ་བཞིན་དངོས་ཡོད་འཚོ་བའི་རེ་ཞུ་བཅས་ཐོ་འགོད་ཞིབ་ཕྲ་བྱེད་པ་དང་། དུས་ཚིགས་ལྟར་སྐབས་བསྟུན་ཆ་འཕྲིན་གསར་པ་བརྗེས་ནས་དགོས་མཁོ་གསལ་རྟོགས་དང་འབྲེལ་མཐུད་རོགས་སྐྱོར་ཐུབ་པར་བྱས་ཡོད། གཞན་ཡང་། སྡེ་ཁུལ་གྱིས་འཚོ་བར་ལྟ་སྐྱོང་དང་། བདེ་ཐང་ཞབས་ཞུ། སེམས་གསོ་གཏོང་བ་སོགས་ཐུགས་ཁུར་ཞབས་ཞུའི་གསལ་ཐོ་ལྔ་ཞིབ་ཕྲ་རུ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱུན་གཏན་རང་བཤེར་དང་། དུས་བཀག་དཔྱད་ཞིབ། མང་ཚོགས་ཀྱི་གདེང་འཇོག་བཅས་དང་ཟུང་འབྲེལ་གྱིས་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས་ཏེ། རོགས་སྐྱོར་གྱི་སྤུས་འབྲས་རྒྱུན་མཐུད་ལེགས་སུ་བཏང་ཡོད། 2025ལོའི་ལོ་སྨད་བར། ཁོངས་གཏོགས་ཁུལ་གྱི་དམིགས་བསལ་ཁྱིམ་ཚང་གི་རོགས་སྐྱོར་ལ་བློ་ཡིད་ཚིམ་ཚད་98%ཟིན་པ་དེ་རྣམ་གྲངས་ལག་བསྟར་མ་བྱས་གོང་ལས་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།
བདེ་ཐང་འགན་སྲུང་འཚོ་བར་ལྟ་སྐྱོང་བྱས། བརྩེ་སེམས་ཟབ་མོ་གང་ས་གང་ནས་མངོན།
དམིགས་བསལ་ཁྱིམ་ཚང་གི་བདེ་ཐང་འགན་སྲུང་དང་འཚོ་བར་ལྟ་སྐྱོང་གི་ལྟེ་བའི་དགོས་མཁོ་ཆེན་པོ་གཉིས་ལ་དམིགས་ཏེ། ཀླུ་སྒུག་སྡེ་ཁུལ་གྱིས་ལས་དོན་ཧུར་ཐག་སྒྲུབ་པ་དང་། ཞབས་འདེགས་ཞིབ་ཚགས་ཞུ་བ། སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་བཅས་བྱས་ནས་རྒན་རྒོན་གྱི་བདེ་སྡོད་ལ་སེམས་ཁྲལ་མེད་པར་བྱས་པ་རེད།
བདེ་ཐང་གཅེས་སྐྱོང་གི་ཁྱབ་ཁོངས་སུ། ཀླུ་སྒུག་སྡེ་ཁུལ་གྱིས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་མཉམ་དུ་དམིགས་བསལ་ཚོགས་སྤྱིར“དམར་སེར་ལྗང་གསུམ”གྱི་བདེ་ཐང་ཡིག་ཚགས་བཟོས་ཏེ། རིམ་དབྱེ་རིགས་དབྱེའི་སྒོ་ནས་གནད་སྨིན་ལྟ་སྐྱོང་ཐུབ་པར་བྱས་ཡོད། རྒྱུན་རྣམ་ཅན་གྱི་སྒོ་ནས་གཟུགས་པོར་རིན་མེད་བརྟག་དཔྱད་དང་། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པ། སྨན་པ་བསྟེན་སྐབས་སྔོན་ལ་ནད་བརྟག་སྨན་བཅོས་བྱེད་པ་སོགས་ཀྱི་དམངས་ཕན་ཞབས་འདེགས་ཞུས་ཏེ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་སྲུང་སྐྱོང་བྱས་ཡོད། ཁྲག་ཤེད་མཐོ་བ་དང་སྙིང་ནད་སོགས་གཅོང་ནད་ཕོག་པའི་ཁེར་སྡོད་རྒན་རྒོན་ལ་དམིགས་ནས་འགན་གཙང་ཚོགས་པས་ཨང་ཀི་འགོད་པ་དང་། བརྟག་དཔྱད་བྱེད་པ། སྨན་ལེན་པ་སོགས་ཀྱི་སྨན་བཅོས་བརྒྱུད་རིམ་ཧྲིལ་པོ་ཚབ་སྒྲུབ་བྱེད་པ་དང་། དུས་བཀག་ལྟར་ཁྱིམ་དུ་ནད་བརྟག་སྨན་བཅོས་དང་སྨན་སྐྱེལ་བར་བསྐྱོད་དེ། སྨན་བཅོས་སྟབས་མི་བདེ་བའི་ཁེར་སྡོད་རྒན་རྒོན་གྱི་དཀའ་གནད་ནུས་ལྡན་བསལ་ཡོད་པ་རེད།
རྒྱུན་དུ་དྲོ་སྐྱིད་ལྡན་པའི་ལྟ་སྐྱོང་བྱས་ནས་མི་སེམས་དྲོ་བར་བྱས་ཤིང་། དང་བླངས་པ་ལོ་82ལ་སླེབས་པའི་རྒན་མོ་མཚམས་ལགས་ཀྱི་ཁྱིམ་དུ་བསྐྱོད་དེ་ཁང་པར་གཙང་སྦྲ་བྱེད་པ་དང་། བསྡུ་གསོག་རྒྱག་པ། མལ་ཆས་སྐེམ་པ་བཅས་བྱེད་རོགས་བྱས་པ་དང་། མི་སེམས་དྲོ་བའི་རྣམ་པ་འདི་འདྲ་ནི་ཀླུ་སྒུག་སྡེ་ཁུལ་གྱི་ཕྱོགས་གང་སར་མཐོང་རྒྱུ་ཡོད། ཉིན་ལྟར་སེམས་རྩ་འཁོལ་པོས་ལྟ་སྐྱོང་དང་རོགས་པ་བྱས་ནས་དམིགས་བསལ་ཁྱིམ་ཚང་གི་འཚོ་བའི་དཀའ་ངལ་ཏན་ཏིག་བསལ་ཏེ། ཁེར་སྡོད་རྒན་རྒོན་གྱི་བདེ་སྡོད་ལ་སེམས་ཁྲལ་མེད་པར་གནའ་གྲོང་གི་ཁྲོམ་གཞུང་དུ་བག་ཕེབས་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བར་རོལ་ཐུབ་པར་བྱས་པ་རེད།
ཚན་རྩལ་ལམ་ནས་མཐུན་རྐྱེན་ཕུན་ཚོགས་སྦྱར། རིག་ནུས་ལམ་ནས་ལྟ་སྐྱོང་ཚགས་ཚུད་བྱས།
ཁེར་སྡོད་རྒན་རྒོན་གྱི་ཁྱིམ་སྡོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཆེད། སྡེ་ཁུལ་གྱིས་གནད་སྨིན་ཇུས་འདོན་བྱས་ནས་རྒན་མོ་མཚམས་ལགས་སོགས་ཁེར་སྡོད་རྒན་རྒོན་5ལ་རིན་མེད་ངང་རིག་ནུས་བདེ་འཇགས་ལག་གདུབ་སྤྲད་དེ། ཚན་རྩལ་ལ་བརྟེན་ནས་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་པ་དང་དུས་ཐོག་ཏུ་ལྟ་སྐྱོང་ཐུབ་པར་བྱས་པ་རེད།
རིག་ནུས་བདེ་འཇགས་ལག་གདུབ་དེས་ཆུ་ཚོད་24ཡི་རིང་རྒན་རྒོན་གྱི་སྙིང་གི་འཕར་ཚད་དང་། ཁྲག་ཤེད། གནས་ཡུལ་བཅས་ཀྱི་ཆ་འཕྲིན་ལ་ལྟ་ཞིབ་ཚད་ལེན་ཐུབ་ནས་གྲངས་གཞི་དུས་ཐོག་ཏུ་ནང་མི་དང་དྲ་མིག་པའི་ལག་ཐོགས་ཁ་པར་དུ་བསྐུར་གྱི་ཡོད་པས། རྒན་རྒོན་གྱི་བདེ་ཐང་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་ཐུབ་པ་མ་ཟད། ཕྱིར་སྐྱོད་སྐབས་བརླག་པའི་ཉེན་ཁ་ཡང་སྔོན་ཚུད་ནས་སེལ་ཐུབ་ཀྱི་ཡོད་པ་རེད།
ད་ཆ། ཀླུ་སྒུག་སྡེ་ཁུལ་གྱིས་ལམ་ལུགས་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། ཞབས་ཞུར་བརྟེན་ནས་མི་སེམས་དྲོ་བར་བྱེད་པ། ཁྱད་ཆོས་ལ་བརྟེན་ནས་གསོན་ཤུགས་འཕེལ་བར་བྱེད་པ། ཚན་རྩལ་ལ་བརྟེན་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་མི་རིགས་ས་ཁུལ་གྱི་དམིགས་བསལ་ཁྱིམ་ཚང་ལ་འཚམ་པའི་རོགས་སྐྱོར་བྱ་ཐབས་གཏོད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།