སྤྱོད་ཚུལ་བཟང་པོ་ལག་ལེན་བསྟར། དམངས་ཀྱི་བདེ་ཐང་འགན་ལེན་བྱས།
——རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པའི་རིམ་སྤེལ་སྒྲིལ་གླེང་བཅུ་དྲུག་པ།
སྤྱོད་ཚུལ་ལེགས་སུ་ཕྱིན་པ་ལས་དམངས་འཚོར་འགྱུར་ལྡོག་ཡོང་བཞིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་ལྗོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.5བར་མཐོ་རུ་ཕྱིན་པ་དང་། ནད་ཆེན་ཁག་400ལྷག་ཙམ་རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང་། ནད་འབྲིང་ཁག་2000ལྷག་ཙམ་ས་ཁུལ་དང་གྲོང་ཁྱེར་ནས་བཅོས་ཐུབ་པ། ནད་ཆུང་ཕལ་ཆེ་བ་རྫོང་ནས་སྨན་བཅོས་ནུས་ལྡན་ཐུབ་པ་བཅས་བྱུང་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། གྲངས་གཞི་མང་པོ་ཞིག་ལས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དམ་འཛིན་བྱ་གཞིར་བྱས་ཏེ“དམིགས་པ་ལྔ”མུ་མཐུད་གཏིང་ཟབ་ཏུ་བཏང་ནས། དངོས་འཛིན་དངོས་སྒྲུབ་ཀྱིས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་པར་དཔང་པོ་བྱས་ཡོད།
གཞི་རིམ་དུ་ཞབས་འདེགས་ཞུ་བའི་གོམ་སྟབས་མཚམས་མི་འཇོག་པ།
“ལོ་3ལ་སླེབས་པའི་ཕྲུ་གུ་ཞིག་གི་མཆུ་ཏོར་རྨ་བཟོས་ནས་ཁྲག་དོན་མཚམས་ཆོད་ཀྱི་མི་འདུག་ལ་ནད་གཞིའི་འབྱུང་རྐྱེན་ཡང་ཐག་ཆོད་ཀྱི་མི་འདུག”ཅེས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་བོད་སྐྱོར་དུ་བསྐྱོད་པའི་སྐོར་གླེང་སྐབས་པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་བྱིས་པའི་གསོ་རིག་ལྟེ་གནས་ཀྱི་གཙོ་བཅོས་སྨན་པ་ཧོ་ཤིན་ལིང་གིས་དེ་ལྟར་བརྗོད་པ་དང་། ཁོང་གིས་ནད་དཔེ་དེའི་སྐོར་ད་དུང་ཡང་གསལ་པོ་ངེས་བཞིན་ཡོད་པ་རེད། ཞིབ་འཇུག་བརྡར་གཅོད་ཞིབ་ཚགས་བྱས་པ་བརྒྱུད་ཕྲུ་གུ་དེ་མཐར་ཁྲག་ཐོན་སླ་བའི་ནད་ཕོག་པ་གཏན་འཁེལ་བྱུང་བ་དང་འབྲེལ་སྨན་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་བྱུང་ནས་བོད་ཀྱི་བྱིས་ནད་ཚན་ཁག་གི་ཁྲག་ཐོན་སླ་བའི་ནད་ཀྱི་ནད་ངོ་འཛིན་པའི་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཡོད་པ་རེད།
མང་ཚོགས་ཀྱིས་སྨན་པ་བསྟེན་པའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་ནས། ཧོ་ཤིན་ལིང་གིས་སྨན་པའི་ཐོག་མའི་བསམ་འདུན་དེ་རྐང་འོག་གི་སྟོབས་ཤུགས་སུ་བསྒྱུར་ཏེ། དཀའ་སྤྱད་ལ་མི་འཛེམ་པར་གྲོང་གསེབ་ཏུ་འོས་འགན་སྨན་བཅོས་བྱེད་པའི་ལམ་དུ་རྐང་རྗེས་བགྲང་ལས་འདས་པ་བཞག་ཡོད་ཅིང་། དགུན་ཨ་རང་ད་རང་གི་དུས་སུ་ཁོང་གིས་ས་མཐོའི་ལ་དུག་ལ་མི་བལྟོས་པར་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་སྟེ། ཕུ་མ་བྱང་ཐང་ཤང་དུ་བསྐྱོད་དེ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་ནད་བརྟག་སྨན་བཅོས་ཞིབ་ཚགས་དང་སྨན་ཁང་སྒྱུར་བར་མཐུན་སྦྱོར་བྱས་ནས། ཆེད་ལས་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ས་མཐོའི་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་འདེགས་སྐྱོར་བྱས་པ་རེད།
ནད་བརྟག་ཁང་དུ་ན་ཚ་ལྟ་བ་ནས་གྲོང་གསེབ་ཏུ་སྐོར་སྐྱོད་སྨན་བཅོས་སུ་སྐྱོད་པའི་བར་དང་། རྩད་ཆོད་དཀའ་བའི་ནད་རྩད་གཅོད་པ་ནས་ནད་བརྟག་སྨན་བཅོས་ཀྱི་ཞན་ཆ་གསབ་པའི་བར། ཧོ་ཤིན་ལིང་གི་སྨན་བཅོས་ཀྱི་ལམ་བུ་ལས་ལྗོངས་ཡོངས་ཀྱི་སྨན་དོན་མི་སྣས་གཞི་རིམ་དུ་འབད་འབུངས་ཀྱིས་སྨན་པའི་འགན་འཁྲི་ལག་ལེན་བསྟར་བའི་ཐོག་མའི་བསམ་འདུན་མངོན་བཞིན་ཡོད། ས་མཐོའི་སྨན་པ་དང་བོད་སྐྱོར་རིགས་གཅིག་མཁས་ཅན་དེ་བས་མང་བ་ཞིག་རང་འགུལ་ངང་ནད་བརྟག་ཁང་ནས་གྲོང་གསེབ་ཏུ་བསྐྱོད་དེ་སྨན་བཅོས་ཀྱི་ཞབས་ཞུ་སྤུས་ལེགས་མང་ཚོགས་ཀྱི་ཁྱིམ་གྱི་སྒོ་རྩར་བསྒྲུབས་ནས་གངས་ལྗོངས་ས་མཐོར་སྨན་བཅོས་ཀྱི་དྲོད་ཁོལ་སྦྱིན་ཡོད།
གཞི་རིམ་གྱི་སྨན་པ་བསྟེན་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། རང་ལྗོངས་ཀྱིས་ས་ཁོངས་ཧྲིལ་པོའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང་། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་རོགས་སྐྱོར་ཁྱབ་ཁོངས་གཙོ་གནད་རྫོང་13བར་རྒྱ་ཆེར་བཏང་བ་དང་། “1+7+13”གྱི་རྣམ་པ་གསར་པ་གཏོད་པ། རྒྱུན་རྣམ་ཅན་གྱི་ལག་རྩལ་རོགས་སྐྱོར། རིགས་གཅིག་མཁས་ཅན་གྱིས་ན་ཚ་ལྟ་བ། གྲོང་གསེབ་ཏུ་སྐོར་སྐྱོད་སྨན་བཅོས་བྱེད་པ་བཅས་ལ་བརྟེན་ནས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིར་རྒྱུན་མཐུད་ནས་མཐུན་རྐྱེན་སྦྱར་ཏེ་སྔོན་ཐོན་གྱི་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་ས་མཐོར་རྩ་བ་ཚུགས་ཐུབ་པར་བྱས་ཡོད།
དེ་དང་ཆབས་ཅིག་རང་ལྗོངས་ཀྱིས“སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་སྤེལ་བའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་ཤང་གྲོང་འཕྲོད་བསྟེན་ཁང་ངམ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་22རྒྱལ་ཁབ་ཀྱི་འོས་སྦྱོར་ཚད་གཞིར་སླེབས་པར་སྐུལ་འདེད་བཏང་བ་དང་། ཁྱིམ་ཚང་སྨན་པའི་ཞབས་ཞུ་ཚོགས་པ་2880བཙུགས་ཏེ་རྒྱུན་དུ་ནས་གཞི་རིམ་དུ་སྐོར་སྐྱོད་ཀྱི་ནད་བརྟག་སྨན་བཅོས་བྱེད་པ་དང་དུས་མཉམ་དུ་གྲོང་ཚོའི་འཕྲོད་བསྟེན་ཁང་གི་འཁོར་སྐྱོད་ཁ་གསབ་དོན་འཁྱོལ་དང་གྲོང་གསེབ་ཏུ་མངགས་པའི་སྨན་དོན་མི་སྣའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ལ་བདེ་ཐང་གི་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་བསལ་ཡོད་པ་རེད།
དམིགས་ཚད་གཏན་འཁེལ་གྱིས་སྤུས་ཚད་མཐོར་གཏོང་དང་སྤྱོད་ཚུལ་ལེགས་སུ་བཏང་བ།
བསམ་བློའི་རྨང་གཞི་བརྟན་དུ་བཏང་ཚེ་ད་གཟོད་སྤྱོད་ཚུལ་འཛུགས་སྐྱོང་གི་ཁ་ཕྱོགས་ཡང་དག་ཡོང་ཐུབ། ད་ལོ་ཚུན་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས“སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། སྲིད་དོན་ལས་རྗེས་གང་ལ་བརྟེན་ནས་འཇོག་པ”བཅས་ཀྱི་ལྟེ་བའི་བརྗོད་གཞི་དེར་དམ་པོར་དམིགས་ཏེ་སྤེལ་རེས་བགྲོ་གླེང་དང་ཕན་ཚུན་སློབ་སྦྱོང་དང་སྐུལ་འདེད་བཏང་ནས་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། “རང་ཉིད་ཀྱི་བློ་ཡིད་ཚིམ་པོ་མ་བྱུང་བའི་ལས་དོན་ཁག་གཅིག་སྟོན་པ”རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ་ལས་བྱེད་པ་དང་ལས་བཟོས་ཞན་ཆ་རང་བཤེར་དང་གནད་དོན་སྔོག་འདོན་བྱེད་པར་ཁྲིད་སྟོན་བྱས་ཡོད།
དེ་དང་ཆབས་ཅིག་གསལ་འདེབས་རང་འགུལ་གྱིས་དང་ལེན་བྱེད་པ་མཐའ་འཁྱོངས་བྱས་ཏེ་འཐུས་མི་དང་། ཨུ་ཡོན། ཚན་ཧྲི་བཅས་སློབ་སྦྱོང་དང་སློབ་གསོར་གདན་འདྲེན་ཞུས་ནས་ཐབས་འདོན་ཇུས་འབུལ་བྱེད་དུ་བཅུག་ཡོད། “སྒོ་བསྟེན་སྨན་ཁང་གི་སྨན་བཅོས་སྣེ་ཤན་ཞབས་ཞུ་ལེགས་སུ་གཏོང་དགོས་ལ། སྨན་ཁང་གི་རླངས་འཁོར་འཇོག་སའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་སྨན་ཁང་དུ་སྡོད་པའི་ནད་ཁྲི་འཁོར་རྒྱུག་བྱེད་ཚད་ཀྱང་མགྱོགས་སུ་གཏོང་དགོས”“སྨན་པའི་ཀུན་སྤྱོད་ཀྱི་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སྨན་པ་དང་ནད་པའི་ཞི་མཐུན་དྲང་ནུས་གཅིག་ཏུ་སྒྲིལ་དགོས”ཞེས་པ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་པའི་སྨན་པ་བསྟེན་པའི་སྐོར་ལ་དམིགས་ནས་འཐུས་མི་དང་ཨུ་ཡོན་ཚོས་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་པ་དང་། རིམ་ཁག་སྨན་བཅོས་སྒྲིག་གཞིས་ཀྱང་བསམ་འཆར་བསྡུ་ལེན་ནན་ཏན་དང་། རེ་རེ་བཞིན་གསེད་བཀྲོལ། འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ཁ་ཕྱོགས་གསལ་སྟོན་དང་སྤྱོད་ཚུལ་ལེགས་གཏོང་གིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ཀྱིས་ཚོར་ཐུབ་པའི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ཕན་འབྲས་སུ་ཏན་ཏིག་འགྱུར་བར་བྱས་ཡོད།
མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་ནས་འགོ་རྩོམ་པ་དང་མང་ཚོགས་བློ་ཡིད་ཚིམ་པོ་མེད་ས་ནས་དག་ཐེར་བྱས་པ། མང་ཚོགས་སྨན་བཅོས་བྱེད་པའི་འགག་གནད་དང་དཀའ་གནད་ལ་དམིགས་ཏེ་སྨན་བཅོས་སྒྲིག་གཞི་ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང་ཇུས་འདོན་གནད་སྨིན་གྱིས་དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་སྒྲུབ་པ་དང་ཞབས་ཞུ་ཐེངས་མང་ལེགས་སུ་བཏང་བར་བརྟེན་ནས“དངོས་འཛིན་དངོས་སྒྲུབ་དང་འཕྲལ་དོན་འཕྲལ་སྒྲུབ”དེ་སྨན་བཅོས་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་དངོས་སུ་ཁྱབ་ཐུབ་པར་བྱས་ཡོད།
རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་བརྩེ་བ་ཟབ་མོས་སྲུང་སྐྱོང་བྱེད་པ་དང་། ཡག་ཐོག་ཡག་བརྩེགས་ཡོང་བར་བྱེད་པ། གཅིག་སེམས་གཅིག་སྒྲིལ་གྱི་ཞྭ་མོ་དམར་པོའི་ཚོགས་པས་དང་བླངས་བྱ་སྤྱོད་སྤེལ་ནས་སྨན་བཅོས་ཞབས་ཞུར་བརྩེ་བ་དང་དྲོ་སྐྱིད་ལྡན་པར་བྱས་པ་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ཏང་ཡོན་གདོང་ལེན་ལས་གནས་བཙུགས་ཏེ་ཞིང་འབྲོག་པའི་ནད་པར་བརྒྱུད་རིམ་ཧྲིལ་པོའི་སྨན་བཅོས་ཁྲིད་སྟོན་དང་སྨན་བཅོས་བློ་འདྲི་མཁོ་འདོན་བྱས་ནས་སྨན་བཅོས་ཀྱི“འགག་གནད”བསལ་བ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པས་སེམས་ནད་ཚན་ཁག་ཏུ་མཚན་མོར་བང་སྒྲིག་མཁན་མང་བ་དང་ཨང་ཀི་ལོག་ཚོང་རྒྱག་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་སྨན་བཅོས་ཀྱི་བརྒྱུད་རིམ་དུས་ཐོག་ཏུ་ལེགས་སུ་བཏང་བ་མ་ཟད། ས་གནས་ས་ཐོག་ནས་ཨང་ཀི་འགོག་པ་དང་དྲ་ཐོག་ནས་སྔོན་མངགས་བྱེད་པ་ཟུང་དུ་འབྲེལ་རྒྱུ་ཁྱབ་གདལ་བཏང་ནས་སྨན་བཅོས་ཀྱི་སྒྲིག་ལམ་ཚད་ལྡན་དུ་བཏང་བ། དང་ཐོག་སྨན་བཅོས་བྱེད་སྐབས་སྨན་བཅོས་འགན་བཅོལ་གཱ་ནས་སྨན་རིན་རྩིས་རྒྱག་མི་ཐུབ་པའི་གནད་དོན་ལ་དམིགས་ནས་སྨན་བཅོས་སྒྲིག་གཞི་ཁག་གིས་རང་འགུལ་ངང་གྲལ་བཤེར་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཏེ་དུས་ཐོག་ཏུ་ནད་པར་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་ཁ་གསབ་དང་ཕྱིར་བསློགས་ནས་མང་ཚོགས་ཀྱི་བདེ་རྩ་དང་འབྲེལ་བའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
འཇོན་ཐང་ཞུན་བརྡར་བྱས་ནས་དཔུང་ཁག་སྟོབས་ཆེར་བཏང་བ།
སྤྱོད་ཚུལ་འགྱུར་ལྡོག་གཏོང་བའི་རྩ་བ་མིར་རག་ལས་པ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩ་ནི་དཔུང་ཁག་ལ་ཐུག་ཡོད། བྱང་ཚད་མཐོ་བའི་སྨན་དོན་དཔུང་ཁག་ཅིག་གཏོད་པ་ནི་སྤྱོད་ཚུལ་འཛུགས་སྐྱོང་ཟབ་ཏུ་གཏོང་བ་དང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི་རྩ་བའི་འདེགས་སྐྱོར་ཞིག་རེད།
ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་རྒྱུན་མཐུད་གཞོལ་ཏེ། སྨན་བཅོས་དང་སློབ་ཁྲིད་ལ་བརྟེན་ནས་ཡུལ་དེའི་ཤེས་ལྡན་པ་འཚར་ལོངས་ཀྱི་ཐབས་ལམ་མཐུན་སྦྱོར་ངང་རྒྱ་ཆེར་གཏོང་བ་དང་། ས་མཐོའི་སྨན་བཅོས་ཀྱི་དགོས་མཁོར་དམིགས་ནས་ཤེས་ལྡན་པ་གསོ་སྐྱོང་གནད་སྨིན་བྱེད་པ། ལྗོངས་ཕྱིར་བསྐྱོད་ནས་ཞིབ་འཇུག་ཟབ་སྦྱོང་དང་། ཆེད་དོན་དངོས་སྦྱོང་། ལས་གནས་སྦྱོང་བརྡར་བཅས་བྱས་ནས་སྨན་དོན་པའི་ཆེད་ལས་འཇོན་ཐང་ཕྱོགས་ཡོངས་ནས་ཞུན་བརྡར་བྱས་ཏེ། ས་མཐོར་གཞི་ཚུགས་པ་དང་འཇོན་ཐང་ཆེ་བའི་སྨན་པ་དེ་བས་མང་བ་ཟམ་མི་ཆད་པར་ཐོན་པར་བྱས་ཡོད། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་གྲོང་གསེབ་ཀྱི་ཁ་ཕྱོགས་གཏན་འཁེལ་གྱི་སློབ་ཡོན་མི་དགོས་པའི་གསོ་རིག་སློབ་མ་ཀརྨ་བློ་རྒྱལ་སློབ་གྲྭ་ཐོན་རྗེས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ཞི་བདེ་ཤང་འཕྲོད་བསྟེན་ཁང་དུ་བསྐྱོད་ནས་གཞི་རིམ་མང་ཚོགས་ཀྱི་བདེ་ཐང་སྲུང་བའི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ཡོད། ལོ་དེར་ཁོང་དང་མཉམ་དུ་གཞི་རིམ་དུ་སྐྱོད་མཁན་ད་དུང་ཀྲུང་ལུགས(བོད་ལུགས)གསོ་རིག་ནད་ཐོག་སྨན་བཅོས་གསོ་རིག་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་279ཡོད་པ་རེད། “སློབ་གྲྭས་ང་ཚོའི་སློབ་ཡོན་དང་ཁང་གླ་རྩ་ཆག་བཏང་བ་མ་ཟད། ང་ཚོར་འཚོ་བའི་གྲོན་དངུལ་ཡང་སྤྲད་བྱུང་། ངས་ཁས་ལེན་དམ་བཅའ་ལག་བསྟར་ཡག་པོ་བྱས་ཏེ་གཞི་རིམ་དུ་གཞི་ཚུགས་ནས་མི་སེར་ཚོར་ཞབས་འདེགས་ཞུ་གི་ཡིན”ཅེས་ཀརྨ་བློ་རྒྱལ་གྱིས་བཤད་པ་ལས་བོད་ཀྱི་གསོ་རིག་སློབ་མས་གཞི་རིམ་དུ་བརྟན་སྲུང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མཚོན་གྱི་ཡོད།
ཐོག་མའི་བསམ་འདུན་བརྟན་པོ་བསྲུངས་ནས་གོམ་སྟབས་སྤོ་མཚམས་མི་འཇོག་པ། ས་མཐོར་སྨན་དོན་ལས་དོན་པ་མང་པོ་ཞིག་གིས་སྔོན་སྐྱོད་པའི་གོམ་སྟབས་སྙེགས་བཞིན་མུ་མཐུད་འབད་འབུངས་མདུན་སྐྱོད་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་། འགན་འཁྲི་འཁུར་ནས་དམངས་འཚོར་སྲུང་སྐྱོང་བྱེད་པ། ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་བདེ་ཐང་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཏེ། གངས་ལྗོངས་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པའི་བདེ་ཐང་སྲུང་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།