ལོ་ལྔ་ཡི་རིང“དོན་ཆུང”ཁྲི་བཅུ་གཉིས་ལྷག་ཙམ་བསྒྲུབས་པ།
གྲོང་སྡོད་ཀྱི་སྲིད་དོན་ལས་རྗེས་མངོན་གསལ་དོད་པ།
ཚེས་18ཉིན། གསར་འགོད་པར་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ལོ་5ཡི་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩིས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་ཆེད་ལས་མཉམ་ལས་ཁང་6000ལྷག་ཙམ་བཙུགས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁྲི་12.4ལྷག་ཙམ་ཐག་གཅོད་བྱས་པས། “དོན་ཆུང”དེ་དག་ལས་དམངས་སེམས་འདུས་ལ། སྟོབས་ཤུགས་ཀྱང་གཅིག་ཏུ་འདུས་ཡོད་པར་བརྟེན། ལས་དོན་ཏན་ཏིག་སྒྲུབ་པ་དང་ཐེག་པ་ཁུར་ལེན་གྱིས་གྲོང་སྡོད་ཀྱི“སྲིད་དོན་ལས་རྗེས”གཏོད་ཡོད།
གྲོང་སྡོད་ལས་དོན་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་ལེན་བསྟར་བ་དང་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་བླང་བྱ་གལ་ཆེན་ཞིག་རེད། ལོ་5ཡི་རིང་། གྲོང་སྡོད་ལས་བྱེད་པ་ཁག་དང་ཁག་བྱས་ནས་གྲོང་ཚོ(སྡེ་ཁུལ)5500ལྷག་ཙམ་དུ་བཅའ་སྡོད་བྱས་ཏེ་ཏང་འཛུགས་སྐྱོང་གིས་སྣེ་འཁྲིད་དང་། ཐོན་ལས་དམ་འཛིན་བྱ་གཞིར་འཛིན་པ། དམངས་འཚོ་གཞི་རྩར་བྱེད་པ་བཅས་ཀྱི་སྒོ་ནས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་13བསྡུ་སྒྲིལ་བྱས་ཏེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ་དང་། དབུལ་ལོག་ཐེབས་སླ་བའི་རྐྱེན་གྱིས་དབུལ་པོ་ཆགས་པའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་མི་ཐེངས་ཁྲི་14.5བྱས་པ། མང་ཚོགས་ཁྲི་3ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་འཚམས་འདྲིར་བསྐྱོད་དེ་སློབ་སྦྱོང་དང་གསོ་སྦྱོང་བྱས་པ། ཞིང་འབྲོག་པ་སྐུལ་སློང་བྱས་ནས“འགྲམ་བཞིར”སྡོང་ཕྲུག་ཁྲི་84ལྷག་ཙམ་བཙུགས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་བྱེད་པར་སྤྱི་འདོམས་ངང་སྐུལ་འདེད་བཏང་ཡོད།
རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་ནུས་ཤུགས་ཡོད་རྒུས་དམངས་འཚོའི་དཀའ་གནད་རེ་རེ་བཞིན་ཐག་གཅོད་བྱས་ཤིང་། ས་བབ་སྨི་4600ཟིན་པའི་འདམ་གཞུང་རྫོང་ལ་ཐོག་གྲོང་ཚོར“དམངས་ཕན་འཁྲུད་ཁང”བརྒྱབ་པར་བརྟེན། “ད་ཆ་ཁྱིམ་གྱི་སྒོ་རྩ་ནས་ཆུ་ཚ་པོས་གཟུགས་པོ་འཁྲུ་ཐུབ་པས། གྲོང་སྡོད་ལས་བྱེད་པ་ནི་ང་ཚོའི་སྙིང་ཉེ་བ་ཡིན”ཞེས་དོན་ཆུང་ཡིན་རུང་མང་ཚོགས་ཀྱི་དཀའ་གནད་དངོས་སེལ་བས་མྱོང་ཚོར་ཟབ་མོས་བརྗོད། གྲོང་སྡོད་ལས་བྱེད་པ་ཁག་མང་པོས་རྒྱུན་མཐུད་རོགས་རམ་བྱས་པ་བརྒྱུད། གོ་འཇོ་རྫོང་བསམ་གྲུབ་རོང་གྲོང་ཚོའི་འབྲོག་ཁུལ་གྱི་ཕྲུ་གུ་113སློབ་ཆེན་དུ་རྒྱུགས་འཕྲོད་དེ་རི་གྲོང་ནས་ཐོན་པས། “ཕྲུ་གུ་གཅིག་ཀྱང་སློབ་མཚམས་མི་ཆད་པ་དང་རྗེས་ལུས་མི་ཐེབས་པར་བྱ་རྒྱུ”དེ་གྲོང་སྲོལ་དམངས་ཆིངས་སུ་བཀོད་པ་སོགས་གྲོང་སྡོད་ལས་བྱེད་པས་འགན་འཁྲིའི་འདུ་ཤེས་ཟབ་མོ་དང་འགན་འཁུར་ཕོད་པའི་སྙིང་སྟོབས་བཅངས་ནས“དམངས་འཚོའི་དོན་ཆུང”དེ་རང་ཉིད་ཀྱི“དོན་ཆེན་ཨང་དང་པོར”བརྩིས་ནས་བསྒྲུབས་པར་བརྟེན། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ནས། མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོབ་ཐོབ་སྟེ། “གུང་ཁྲན་ཏང་ཡག་པའི”གསུང་སྒྲ་དེ་གངས་ལྗོངས་ས་མཐོར་ཡུན་རིང་ཁྱབ་ཐུབ་པར་བྱུང་ཡོད།
ལོ་5ཡི་རིང་འབད་བརྩོན་བྱས་པ་བརྒྱུད། རྨང་གཞི་ཉིན་བཞིན་བརྟན་དུ་སོང་བ་དང་། ཐོན་ལས་ཉིན་བཞིན་དར་རྒྱས་བྱུང་བ། གྲོང་གསེབ་ཉིན་བཞིན་མཛེས་སུ་ཕྱིན་ཡོད། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ཀྱི་ལོ་ཞིག་ཡིན་པས་གྲོང་སྡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། “གྲོང་སྡོད་ལས་བྱེད་པ་ནི་ཏང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་ཉེ་འགྲམ་དུ་མངགས་པའི་ལས་བྱེད་པ་ཞིག་ཡིན་པས། ང་ཚོས་གཞི་ཚུགས་ནས་ཁྱིམ་མི་ཡག་པོ་ཞིག་བྱེད་པ་ལས་མགྲོན་པོ་ཡིན་པའི་འདུ་ཤེས་ཕྲན་ཙམ་ཡང་མི་འཆང་བ་དང་། བདག་པོའི་འགན་འཁྲི་མང་ཙམ་ཁུར་ཏེ་རང་ཉིད་གྲོང་ཚོའི་ཡུལ་མི་བྱས་ནས་གྲོང་ཚོའི་བྱ་བ་རང་ཁྱིམ་གྱི་བྱ་བར་བརྩིས་ཚེ་སྒྲུབ་མི་ཐུབ་པའི་བྱ་བ་གང་ཡང་མེད”ཅེས་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅོ་ལྔ་པའི་རུ་མིས་དེ་ལྟར་བཤད་པ་དང་། ཁོང་ཚོས་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་གྲོང་སྡོད་ལས་དོན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་དམ་པོར་བསྙེགས་ནས། མི་དམངས་ཀྱི་ལངས་ཕྱོགས་བརྟན་འཁྱོངས་དང་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས“སྲིད་དོན་ལས་རྗེས”དེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བའི་ཁྲོད་ནས་མངོན་པར་བྱས་ཏེ་གངས་ལྗོངས་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་རྒྱུ་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།