ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་ཞིབ་སྲོལ》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་ཞིབ་སྲོལ》(གཤམ་དུ《ཞིབ་སྲོལ》ཞེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
བརྡ་ཐོའི་ནང་བསྟན་དོན། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ནི་ཏང་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་གལ་ཆེན་ཞིག་ཡིན། རིམ་ཁག་ཏང་ཨུད་དང་དེའི་རྩ་འཛུགས་སྡེ་ཚན་གྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་བརྩིས་ནས། 《ཞིབ་སྲོལ》གྱི་གཏན་འབེབས་ཁག་ལག་བསྟར་ནན་ཏན་བྱེད་པ་དང་འབྲེལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་གཞི་མཐའ་འཁྱོངས་བྱེད་པ། གོ་རིམ་ནན་དུ་གཏོང་བ། འགག་སྒོ་ནན་པོ་སྲུང་བ། སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ། ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་བཞག་ནས་སློབ་གསོ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སེམས་གཏིང་ནས་ཏང་ནང་ཞུགས་པར་ཤུགས་རྒྱག་པ། ཆབ་སྲིད་ཐད་ཞིབ་བཤེར་ནན་པོ་བྱེད་པ། འཕེལ་རྒྱས་གཏོང་ཡུལ་གྱི་ཏང་ཞུགས་ཀུན་སློང་དང་། ཆབ་སྲིད་བྱང་ཚད། བྱ་སྤྱོད་དངོས་ལ་རྟོག་ཞིབ་ནན་པོ་བཅས་བྱས་ཏེ་འཇུག་སྒོ་ནན་པོ་སྲུང་དགོས། ཏང་ཡོན་དཔུང་ཁག་གི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་གཞོན་ནུ་དང་ཐོན་ལས་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་བཅས་ཀྱི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་པ་དང་། གསར་དར་ཁྱབ་ཁོངས་སུ་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ལེགས་པར་སྒྲུབ་པ། རྨང་གཞི་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཏང་གི་འབོད་སྐུལ་བྱེད་ཤུགས་དང་། གོང་བུ་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
བརྡ་ཐོའི་ནང་། ས་ཁུལ་ཁག་དང་སྡེ་ཚན་ཁག་ལ《ཞིབ་སྲོལ》ལག་བསྟར་བྱེད་རིང་གི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།