མཚོ་སྔོན་གྱིས“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས《2006ལོའི་ཞིང་ཆེན་ཡོངས་ཀྱི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”ཇུས་གཞི》བཀྲམ་ནས་2026ལོའི་ཟླ་5པར་ཞིང་ཆེན་ཡོངས་སུ“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་ཐེངས་དྲུག་པ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་ཕྱོགས་ཡོངས་ནས་འཕྱུར་བ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
ད་ཐེངས་ཀྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོས“དམངས་དོན་ཁྲིམས་གཞུང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། གཤམ་གསལ་གྱི་གཙོ་གནད་ནང་དོན་ལ་དམིགས་ནས་གནད་སྨིན་ངང་བཅའ་ཁྲིམས་ཁྱབ་གདལ་གཏོང་རྒྱུ་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དེའི་ཕུན་སུམ་ཚོགས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་དྲིལ་བསྒྲགས་གཏིང་ཟབ་བྱེད་རྒྱུ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་འཁོད་པའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་དྲིལ་བསྒྲགས་བྱེད་རྒྱུ། དམངས་དོན་ཁྲིམས་གཞུང་དང་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དྲིལ་བསྒྲགས་བྱེད་རྒྱུ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོར་ཞབས་འདེགས་ཞུ་བ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བ། ཕྱི་ཕྱོགས་ཚོང་དོན་གྱི་མ་འཇོག་སོགས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་རྒྱུ་བཅས་རེད།
ཇུས་གཞིའི་ནང་ཞིང་ཆེན་ཡོངས་མཉམ་འགུལ་དང་། ཁྱད་ཆོས་མངོན་གསལ་དོད་པ། དངོས་སྒྲུབ་ནུས་ཆེ་བཅས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། ཟི་ལིང་གྲོང་ཁྱེར་དུ་ཞིང་ཆེན་ཡོངས་ཀྱི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”འགོ་ཚུགས་མཛད་སྒོ་དང་བྱེད་སྒོ་གཙོ་བོ་སྤེལ་ནས། ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་དང་གཅིག་སྡུད་དྲིལ་བསྒྲགས་བློ་འདྲི་སོགས་ཀྱི་དཔེ་སྟོན་བྱེད་སྒོ་སྤེལ་རྒྱུ་རེད། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་ཤུགས་བཏོན་ནས་ན་གཞོན་གྱི་བཅའ་ཁྲིམས་ཁྱབ་གདལ་དང་བླངས་པ་གཞི་རིམ་དུ་ཁྲིམས་སྐྱོང་རིག་གནས་ཁྱབ་གདལ་གྱི་བྱ་སྤྱོད་སྤེལ་བར་སྐྱོད་པ་དང་། གྱོད་དཔེ་དྲངས་ནས་ཁྲིམས་ལུགས་འགྲེལ་བཤད་རྒྱག་པ། ཞིབ་དཔྱོད་སྒོ་དབྱེའི་ཉིན་མོ། དཔལ་འབྱོར་ཉེས་གསོག་སྔོན་འགོག་དྲིལ་བསྒྲགས། སྤྱི་ཕན་སློབ་ཁང་ཆེན་པོ་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་རེད། གྲོང་ཁྱེར(ཀྲོའུ)ཁག་གིས་ཞིང་ཆེན་གྱི་གནས་ཚུལ་དང་། མི་རིགས་ཀྱི་ཁྱད་ཆོས། ཐོན་ལས་ཀྱི་ཁྱད་ཆོས་བཅས་ལ་གཞི་ཚུགས་ནས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་དང་ཆབས་ཅིག་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”མུ་མཐུད་གཏིང་ཟབ་ཏུ་བཏང་ནས་དམངས་དོན་ཁྲིམས་གཞུང་གྲོང་གསེབ་དང་། སྡེ་ཁུལ། ཁྱིམ་ཚང་བཅས་སུ་ཁྱབ་གདལ་གཏོང་བར་སྐུལ་འདེད་དང་ཁྲིམས་སྐྱོང་ཀློག་དེབ་དང་འགུལ་རིས་དེབ་སོགས་ཀྱི་སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་རྩོམ་སྒྲིག་པར་འགྲེམས་བྱ་རྒྱུ་རེད། སྨྱན་སྦྱོར་མཉམ་འདྲེས་ཁྱབ་སྤེལ་གྱི་ལེགས་ཆ་གང་ལེགས་བཏོན་ཏེ། དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཐུབ་པ་དང་སེམས་ནང་ཟུག་པར་བྱ་རྒྱུ་རེད།
ཇུས་གཞིའི་ནང་བླང་བྱ་བཏོན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས་ཤིང་། རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ“སུས་ཁྲིམས་འཛིན་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”དང“སུས་དོ་དམ་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ” “སུས་ཞབས་འདེགས་ཞུས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་དང་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲི་ནན་དུ་གཏོང་དགོས། བཅའ་ཁྲིམས་ཁྱབ་གདལ་འཆད་ཁྲིད་ཚོགས་པ་དང་། བཅའ་ཁྲིམས་ཁྱབ་གདལ་དང་བླངས་པ། “བཅའ་ཁྲིམས་ཤེས་མཁན” ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་ཀྱི་དཔུང་ཁག་གི་ནུས་པ་གང་ལེགས་བཏོན་ཏེ། དམངས་དོན་ཁྲིམས་གཞུང་དེ་ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁེ་ལས། དྲ་སྦྲེལ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ཏེ་དངོས་སྒྲུབ་བྱ་ཐབས་ལ་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སྐྱོང་ལ་བརྩི་མཐོང་དང་། སྒྲིག་སྲོལ་ནན་སྲུང་། གན་རྒྱར་བརྩི་འཇོག གཞུང་དྲང་སྲུང་སྐྱོང་བཅས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།