དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཨའི་འབྲེལ་བའི་གྲུ་ཆེན་མདུན་ཕྱོགས་སུ་བརྟན་པོ་སྐྱོད་པར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཏེའོ་ཏ་མིང་།   |     སྤེལ་དུས།  2026-05-19

    ཀྲུང་ཨ་ཕྱོགས་གཉིས་པོས་ཁ་ཕྱོགས་གཅིག་ཏུ་སྐྱོད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་ཨའི“ཕན་ཚུན་གྲུབ་འབྲས་གཏོད་པ་དང་ཐུན་མོང་དར་རྒྱས་ཡོང་བ་བྱེད་པ”དེ་མིག་མཐོང་ལག་ཟིན་གྱི་ལག་ལེན་ཞིག་ཏུ་འགྱུར་བར་བྱས་ཏེ། ཀྲུང་ཨའི་འབྲེལ་བ་དེ་འཛམ་གླིང་ཞི་བདེའི་འབྱུང་རྩ་བརྟན་པོ་དང་ཐུན་མོང་འཕེལ་རྒྱས་ཀྱི་སྐུལ་འདེད་གཏོང་ཆས་ཤིག་ཏུ་འགྱུར་བར་བྱེད་དགོས།

    ཉིན་ཤས་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་འབྲེལ་བ་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དགེ་མཚན་ལྡན་ལ་འཐབ་ཇུས་རང་བཞིན་གྱི་འབྲེལ་གཏུག་གནང་བ་དེར་ཀྲུང་ཨའི་འབྲེལ་བའི་འཕེལ་ཕྱོགས་དང་དེང་སྐབས་འཛམ་གླིང་གི་སྒྲིག་ལམ་ཐད་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    མིག་སྔར་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་དུས་བབ་ཟང་ཟིང་དང་རྙོག་འཛིང་ཆེ་ལ། འཛམ་གླིང་གི་དཔལ་འབྱོར་འཕར་ཤུགས་མི་འདང་བ་དང་། གདོང་ཐུག་དང་འགྲན་རྒོལ་གཅིག་འཇགས་གཅིག་ལངས་སུ་ཐོན་གྱི་ཡོད། ཀྲུང་གོ་དང་ཨ་རི་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་མདུན་གྲལ་གཉིས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་ཞིང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཀྱི་གཙོ་བདག་ངོ་འཕྲད་ཞལ་འཛོམས་གནང་ནས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བར་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་བ་དང་། ཀྲུང་ཨའི་འབྲེལ་བའི་གྲུ་ཆེན་མདུན་ཕྱོགས་སུ་བརྟན་པོ་སྐྱོད་པར་སྐུལ་འདེད་བཏང་བ་མ་ཟད། འཛམ་གླིང་ལ་ཁ་ཚ་དགོས་གཏུགས་ཀྱི་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་བསྣན་ཡོད། ཕྱོགས་གཉིས་པོས“ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི”ངེས་གནས་གསར་པ་ཐུན་མོང་ཐོག་གཏན་འཁེལ་བྱས་ཏེ། འབྱུང་འགྱུར་ལོ་3དང་ཐ་ན་དུས་ཚོད་དེ་བས་རིང་བའི་ཀྲུང་ཨའི་འབྲེལ་བར་འཐབ་ཇུས་ཀྱི་མཛུབ་ཁྲིད་བྱས་ཡོད། ངེས་གནས་གསར་པ་དེས་མིག་སྔའི་ཀྲུང་ཨའི་འབྲེལ་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ཡང་དག་བྱས་པ་དང་འབྱུང་འགྱུར་དུས་མཚམས་ཤིག་རིང་ཀྲུང་ཨའི་ཁྱབ་ཁོངས་ཁག་གི་ཡང་དག་པའི་མཉམ་གནས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་དོན་གྱི་ཐབས་ལམ་གསལ་སྟོན་བྱས་ཡོད།

    “ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”འཛུགས་པ་ནི་འདས་ཟིན་པའི་དུས་མཚམས་ཤིག་རིང་ཀྲུང་ཨའི་མཉམ་འགུལ་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་རེད་ལ། མིག་སྔར་ཀྲུང་ཨའི་འབྲེལ་བ་ལོ་རྒྱུས་ཀྱི་ཁ་ཕྱོགས་སུ་གནས་པར་བརྡར་ཤ་གསལ་པོ་བཅད་པ་ཞིག་ཀྱང་རེད། འཐབ་ཇུས་ཀྱི་འགྲན་རྩོད་དེ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་གཙོ་བོ་དང་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དང་མི་མཐུན་ལ་ཀྲུང་ཨའི་འབྲེལ་བའི་སྤྱི་ཡོངས་ལའང་མཚན་ཉིད་འཇོག་ཐབས་མེད། ཀྲུང་གོར་འཐབ་ཇུས་འགྲན་རྩོད་བྱེད་པ་དེ་སྲིད་ཇུས་ཀྱི་འགོ་འཛུགས་སར་བརྩིས་པ་ནི་ཀྲུང་གོའི་འཕེལ་རྒྱས་ལ་གོ་ནོར་ཐེབས་པ་ཞིག་ཡིན་ལ་ཀྲུང་ཨའི་འབྲེལ་བར་བརྡར་ཤ་གཅོད་ནོར་ཤོར་བ་ཞིག་ཀྱང་ཡིན་པས། ཀྲུང་ཨའི་རང་ངོས་ཀྱི་གནད་དོན་དང་ཕྱོགས་གཉིས་པོའི་འབྲེལ་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་ཐབས་བྲལ་ལ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་དེ་བས་ཁ་གཏད་གཅོག་ཐབས་བྲལ་བ་མ་ཟད། དེ་ལས་ལྡོག་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་བརྟན་ལྷིང་ལ་གཏོར་བཤིག་བཏང་ནས་ཕྱོགས་གཉིས་པོར་འཕེལ་རྒྱས་ལ་མཁོ་བའི་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་ཞིག་ཐོབ་ཐབས་བྲལ། ན་ནིང་ནས་བཟུང་ཀྲུང་ཨས་འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་སྔ་རྗེས་སུ་དཔལ་འབྱོར་ཚོང་དོན་གྲོས་མོལ་རེས་སྐོར་བདུན་བྱས་པར་གྲོས་མོལ་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། ཕྱོགས་གཉིས་པོས་མཉམ་དུ་མིག་སྔའི་ལས་སླ་པོར་བྱུང་བ་ཞིག་མིན་པའི་འཕེལ་ཕྱོགས་བཟང་པོར་སྲུང་སྐྱོང་ཡག་པོ་བྱས་ཏེ། ཀྲུང་ཨའི་འབྲེལ་བ་སྔ་འཛིན་སྐྱོང་སྤེལ་གསུམ་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

    ཞིབ་ཕྲ་བརྗོད་ན། “དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང”ནི་མཉམ་ལས་གཙོ་བོར་བྱེད་པའི་དགེ་མཚན་ལྡན་པའི་བརྟན་ལྷིང་ཞིག་དང་། འགྲན་རྩོད་ཚད་ཡོད་ཀྱི་དགེ་མཚན་ལྡན་པའི་བརྟན་ལྷིང་ཞིག འགལ་ཟླ་ཚོད་འཛིན་ཐུབ་པའི་རྒྱུན་རྣམ་གྱི་བརྟན་ལྷིང་ཞིག ཞི་བདེ་ཡོང་རེ་བྱེད་པའི་ཡུན་རིང་གི་བརྟན་ལྷིང་ཞིག་བཅས་ཡིན་དགོས། “བརྟན་ལྷིང་བཞི་པོ”དག་གིས་ཁྱབ་ཁོངས་མི་འདྲ་བའི་ཁྲོད་ཀྱི་ཀྲུང་ཨའི་ཡང་དག་པའི་འབྲེལ་ལམ་སྔར་བས་ཁ་གསལ་བཟོས་ཡོད། ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ལྡན་པའི་ཁྱབ་ཁོངས་སུ་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་རྩིས་ཆེན་པོ་རྒྱག་པ་དང་ཕུགས་ལ་དམིགས་ནས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་མཉམ་ལས་ཀྱི་གསལ་ཐོ་རྒྱུན་ཆད་མེད་པར་སྣུར་སྲིང་དང་མཉམ་ལས་ཆེན་པོ་བྱེད་དགོས། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རྒྱལ་བབ་མི་འདྲ་བས། འགལ་བ་དང་མི་མཐུན་ས་ཡོད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་མོད། འོན་ཀྱང་ཕྱོགས་གཉིས་པོའི་འགྲན་རྩོད་ནི་ངེས་པར་དུ་འོས་འཚམ་ཞིག་ཡིན་དགོས་པ་ལས་ཁྱོད་ཤི་ང་གསོན་གྱི་བྱེད་ཐབས་ཤིག་གཏན་ནས་མིན་པར་རང་ངོས་མཐོར་གཏོང་དང་ཕན་ཚུན་ཡར་རྒྱས་ཡོང་བའི་འགྲན་རྩོད་བཟང་པོ་ཞིག་ཡིན་དགོས། ཕྱོགས་གཉིས་པོའི་འབྲེལ་བ་འཐབ་ཇུས་བརྟན་པོ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་གཉིས་ཕན་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། འགྲན་རྩོད་འོས་འཚམ། མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ནུས་ལྡན་བཅས་བྱས་ཚེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་ཕན་པ་ཡོད་ལ། འཛམ་གླིང་ལ་ཞི་བདེ་དང་། དར་རྒྱས། ཡར་ཐོན་བཅས་དེ་བས་མང་བ་ཡོང་བར་ཕན་ཐོགས་ཡོད།

    (རྩོམ་པ་པོ་ནི་ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་དང་འཐབ་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་དང་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།