ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་ཐོག་མའི་གྲུབ་འབྲས་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་ཐོག་མའི་གྲུབ་འབྲས་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
གསར་འགོད་པ་ཞིག་གིས་དྲིས་དོན། ཟླ་5ཚེས་14ཉིན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞལ་འཛོམས་གནང་ནས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་ཚོགས་པར་སྤྱི་ཡོངས་ནས་དོ་སྙོམས་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པའི་ཁྱབ་བསྒྲགས་གནང་ཡོད། ཚོང་དོན་པུས་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་གྲུབ་འབྲས་སྐོར་གྱི་གནས་ཚུལ་དེ་བས་མང་བ་ངོ་སྤྲོད་གནང་ན་འགྲིག་གམ།
མགྲིན་ཚབ་པས་གསུངས་དོན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཀྱི་གཙོ་བདག་པེ་ཅིང་དུ་ཞལ་འཛོམས་གནང་སྟེ། དཔལ་འབྱོར་ཚོང་དོན་གྱི་གནད་དོན་ལ་གྲོས་བསྡུར་གཏིང་ཟབ་གནང་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་སྔར་བས་གསལ་སྟོན་དང་འཐབ་ཇུས་ཀྱི་ཁྲིད་སྟོན་གནང་ཡོད།
མགྲིན་ཚབ་པས་གསུངས་དོན། ཟླ་5ཚེས་13ཉིན། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་ཚོགས་པས་ཧན་གོར་དཔལ་འབྱོར་ཚོང་དོན་གྱི་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞལ་འཛོམས་གནང་བར་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་གྲ་སྒྲིག་བྱས་ཡོད། གྲོས་མོལ་བྱེད་རིང་ཕྱོགས་གཉིས་པོའི་གཙོ་བདག་གི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཕྱོགས་གཉིས་ཀས་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐག་གཅོད་དང་དངོས་སྒྲུབ་མཉམ་ལས་སྔར་བས་རྒྱ་སྐྱེད་ཐུབ་པར་ལྷག་བསམ་རྣམ་དག་དང་། གཏིང་ཟབ་པ། དགེ་མཚན་ལྡན་པ་བཅས་ཀྱི་སྤེལ་རེས་དང་གྲོས་མོལ་བྱས་པ་རེད། དེ་རྗེས་ཕྱོགས་གཉིས་པོས་གྲུབ་འབྲས་ཀྱི་ཞིབ་ཕྲའི་ནང་དོན་སྐོར་ལ་གྲོས་མོལ་ཚགས་ཚུད་པོ་བྱས་པར་དགེ་མཚན་ལྡན་པའི་ཐུན་མོང་གི་ངོས་འཛིན་བྱུང་ཡོད།
མགྲིན་ཚབ་པས་ངོ་སྤྲོད་གནང་དོན། མིག་སྔར་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ལ་ཐོབ་པའི་ཐོག་མའི་གྲུབ་འབྲས་གཙོ་བོ་གཤམ་གྱི་ཕྱོགས་འགའ་ཡོད་དེ།
གཅིག་ནི་ཕྱོགས་གཉིས་པོས་དུས་འགོའི་གྲོས་མོལ་གྱི་གྲུབ་འབྲས་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་མ་ཟད། འབྲེལ་ཡོད་སྒོ་ཁྲལ་བཀོད་སྒྲིག་ཐད་དགེ་མཚན་ལྡན་པའི་ཐུན་མོང་གི་ངོས་འཛིན་བྱུང་ཡོད།
གཉིས་ནི་ཚོང་དོན་ལས་འཛིན་ལྷན་ཚོགས་དང་མ་འཇོག་ལས་འཛིན་ལྷན་ཚོགས་འཛུགས་པར་ཕྱོགས་གཉིས་ཀ་མོས་མཐུན་བྱུང་ནས་ཚོང་དོན་མ་འཇོག་ཁྱབ་ཁོངས་ཐད་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཡོད། ཕྱོགས་གཉིས་པོས་ཚོང་དོན་ལས་འཛིན་ལྷན་ཚོགས་བརྒྱུད་འབྲེལ་ཡོད་ཐོན་རྫས་ཀྱི་ཁྲལ་ཆག་ཡང་གཏོང་བ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཏེ། གཞི་ཁྱོན་འདྲ་མཚུངས་ཡིན་པའི་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་ཐོན་རྫས་ཀྱི་ཁྲལ་ཆག་ཡང་གཏོང་བར་རྩ་དོན་ཐོག་ནས་མོས་མཐུན་བྱས་ཡོད།
གསུམ་ནི་ཕྱོགས་གཉིས་པོས་ཞིང་ལས་ཐོན་རྫས་ཁག་ཅིག་གི་སྒོ་ཁྲལ་མིན་པའི་བཀག་རྒྱ་དང་ཁྲོམ་རར་ཞུགས་འཐུས་ཀྱི་གནད་དོན་ཐག་གཅོད་བྱེད་པའམ་ཡང་ན་ཐག་གཅོད་བྱེད་པར་ངོ་བོའི་རང་བཞིན་གྱི་སྒོ་ནས་སྐུལ་འདེད་བཏང་ཡོད། ཨ་རི་ཕྱོགས་ཀྱིས་དཀར་ཆུའི་ཐོན་རྫས་དང་ཆུའི་ཐོན་རྫས་རང་འགུལ་ངང་བཀག་ཉར་དང་། བར་རྫས་གཞོང་ལྗོངས་ཨ་རིར་འདྲེན་པ། ཧྲན་ཏུང་གི་བྱ་རིགས་ཀྱི་ཆམ་རིམས་མེད་ཁུལ་གཏན་འཁེལ་བྱེད་པ་སོགས་ཀྲུང་གོ་ཕྱོགས་ཀྱིས་ཡུན་རིང་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཚགས་ཤའི་སྒྲིག་བཀོད་ཐོ་འགོད་དང་། ཀྲོའུ་ཁག་གཅིག་གི་བྱ་རིགས་ཀྱི་ཤ་ཀྲུང་གོར་གཏོང་བ་སོགས་ཨ་རི་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད།
བཞི་ནི་ཁྱབ་ཁོངས་ངེས་ཅན་གྱི་ཐོན་རྫས་ཀྱི་དཔྱ་ཁྲལ་ཕན་ཚུན་ཆག་ཡང་གཏོང་རེས་སོགས་ཀྱི་བཀོད་སྒྲིག་བྱེད་པ་བརྒྱུད། ཞིང་ལས་ཐོན་རྫས་སོགས་ཚུད་པའི་ཁྱབ་ཁོངས་རྒྱ་བསྐྱེད་པའི་ཕྱོགས་གཉིས་ཀའི་ཚོང་དོན་ལ་སྐུལ་འདེད་གཏོང་བར་ཕྱོགས་གཉིས་ཀ་མོས་མཐུན་བྱུང་ཡོད།
ལྔ་ནི་ཀྲུང་གོས་ཨ་རི་ནས་གནམ་གྲུ་ཉོ་བ་དང་དེ་བཞིན་ཨ་རི་ཕྱོགས་ཀྱིས་གནམ་གྲུའི་སྒུལ་བྱེད་འཕྲུལ་འཁོར་དང་ལྷུ་ལག་ཆེ་ཆུང་ཀྲུང་གོར་མཁོ་སྤྲོད་འགན་ལེན་བྱེད་པ་སོགས་ཀྱི་ཐད་འབྲེལ་ཡོད་བཀོད་སྒྲིག་བྱས་ཏེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ནས་སྐུལ་འདེད་གཏོང་བར་ཕྱོགས་གཉིས་ཀ་མོས་མཐུན་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།