མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་ཐོན་རྫས་ཀྱིས་ཕྱི་ཕྱོགས་ཉོ་ཚོང་འཕར་བར་སྐུལ་ཁྲིད་བྱས་པ།
ཟླ་བ་དང་པོ་ནས་བཞི་པའི་བར་འདུས་གྲུབ་གློག་ལམ་གྱི་ཕྱིར་གཏོང་དངུལ་འབོར་78.3%འཕར་བ་དང་བཟོ་ལས་ཀྱི་འཕྲུལ་མིའི་ཕྱིར་གཏོང་དངུལ་འབོར་30%འཕར་བ།
ཟླ་བ་བཞི་པར། ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་ལ་དུས་ཚིགས་དང་པོའི་འཕེལ་ཕྱོགས་རྣམ་པ་རྒྱུན་མཐུད་ཐུབ་སྟེ་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བཞིན་ཆེན་པོ་ལྡན་ཡོད་པ་རེད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་རིན་ཐང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་16.23ཟིན་པ་དེ་དུས་མཚུངས་ལས་14.9%འཕར་བ་དང་། རིམ་རྩིས་བརྒྱབ་ན་དེའི་འཕར་ཚད་ནི་དུས་ཚིགས་དང་པོ་དང་སྤྱིར་ན་གཅིག་མཚུངས་ཡིན་པ་རེད། ཟླ་བ་བཞི་པར་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་4.38ཟིན་པ་དེ་དུས་མཚུངས་ལས་14.2%འཕར་ཡོད་པ་དང་། དེའི་ནང་ཕྱིར་གཏོང་དངུལ་འབོར་དུས་མཚུངས་ལས་9.8%འཕར་བ་དེ་ཟླ་བ་གསུམ་པ་ལས་བརྒྱ་ཆའི་གྲངས་10.5ཡིས་འཕར་མགྱོགས་པ་དང་། ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.9ཟིན་ནས་20.6%འཕར་ཡོད་པ་རེད།
ཁྲོམ་རའི་ཡོངས་ཁྱབ་ངོས་འཛིན་ལྟར་ན། མིག་སྔར་ཕྱི་ཕྱོགས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་ཏེ། ཟླ་4པར་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་གི་འཕར་ཚད་སྔོན་དཔག་ལས་ཤུགས་ཆེན་བརྒལ་ཡོད་པ་དང་། མཉེན་ཤུགས་ཆེ་བ། ཐོན་རྫས་ཀྱི་གྲུབ་ཆ་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད་པ་རེད། “ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་ལེགས་སུ་འགྲོ་བའི་རྒྱབ་ལྗོངས་འོག རང་རྒྱལ་གྱི་ཐོན་སྐྱེད་ནུས་ཤུགས་གསར་མ་དང་འབྲེལ་བ་ཡོད་པའི་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ། ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རིང་མི་ཐབས་རིག་ནུས་དང་། ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར་བཅས་ཀྱི་བྱེད་ནུས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། དེའི་ཁྲོད་མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཏེ། ཕྱི་ཕྱོགས་ཚོང་དོན་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་གྱི་གྲས་སུ་གྱུར་ཡོད”ཅེས་ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་དཔལ་འབྱོར་མཉམ་ལས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲུའུ་སི་ཆའོ་ཡིས་ངོ་སྤྲོད་བྱས།
གློག་ཀླད་ཀྱི་ལྷུ་ལག་དང་གློག་རྡུལ་གྱི་ལྷུ་ལག་ཆེ་གྲས་བར་དང་། དེ་ནས་བཟོ་ལས་ཀྱི་འཕྲུལ་མི་དང་3Dཔར་འདེབས་འཕྲུལ་ཆས་བར། ལག་རྩལ་འདུས་ཚད་མཐོ་བ་དང་ཟུར་སྣོན་རིན་ཐང་མཐོ་བའི་མི་ཐབས་རིག་ནུས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མགྱོགས་མྱུར་འཕར་ནས་ཐོན་ལས་དེ་འབྲིང་གྲས་དང་རྩེར་སོར་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
ཀྲུའུ་སི་ཆའོ་ཡིས་དབྱེ་ཞིབ་བྱས་པ་ལྟར་ན། མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་ཐོན་རྫས་ནང་རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། རིག་ནུས་ཀྱི་མཐའ་སྣེ། ལེ་ལག་ཚང་བའི་ལྷུ་ལག་སོགས་ཀྱི་ཁྱབ་ཁོངས་ཁག་ཚུད་ཡོད། གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། འདུས་གྲུབ་གློག་ལམ་གྱི་ཕྱིར་གཏོང་དངུལ་འབོར་དུས་མཚུངས་ལས་78.3%འཕར་བ་དང་བཟོ་ལས་ཀྱི་འཕྲུལ་མིའི་ཕྱིར་གཏོང་དངུལ་འབོར་30%འཕར་ཡོད། ཟླ་བ་བཞི་པར། འདུས་གྲུབ་གློག་ལམ་གྱི་ཕྱིར་གཏོང་དངུལ་འབོར་དུས་མཚུངས་ལས་99.6%འཕར་བ་དང་རང་འགུལ་གྲངས་གཞིའི་ཐག་གཅོད་སྒྲིག་ཆས་དང་དེའི་ལྷུ་ལག་ཕྱིར་གཏོང་དངུལ་འབོར་47.3%འཕར་ཡོད་པ་རེད།
3Dཔར་འདེབས་འཕྲུལ་ཆས་ཐོན་སྐྱེད་ཁེ་ལས་ཧྲེན་ཀྲེན་ཐུའོ་ཀྲུའུ་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལས་བཟོ་བ་རྣམས་ཀྱིས་གོ་ལ་ཧྲིལ་པོར་ཕྱིར་ཚོང་བྱེད་པའི་རིག་ནུས་སྒྲིག་ཆས་ཚ་ཚ་འུར་འུར་ངང་སྒྲིག་སྦྱོར་བྱེད་བཞིན་ཡོད་ཅིང་། འཕྲུལ་ཆས་ཚང་མར་མི་ཐབས་རིག་ནུས་ཀྱི་མཐོང་ཚོར་ཤེས་རྟོགས་དང་རིག་ནུས་ཚོད་འཛིན་ནས་མཁྲེགས་ཆས་འདུས་གྲུབ་བར་གྱི་འཁོར་འབྲེལ་ཧྲིལ་པོ་རང་བརྟེན་ཞིབ་འཇུག་གསར་སྤེལ་ཐུབ་ཡོད་པ་རེད། 2025ལོར་ཐུའོ་ཀྲུའུ་ཚན་རྩལ་གྱི་གོ་ལ་ཧྲིལ་པོའི་ལོ་རེའི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་ཞིང་། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། ཐུའོ་ཀྲུའུ་ཚན་རྩལ་གྱི་ཕྱི་རྒྱལ་ཁྲོམ་ར་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་དང་ལྷག་པར་དུ་ལ་ཏིང་མེ་གླིང་སོགས་གསར་དར་ཁྲོམ་ར་གང་མགྱོགས་མང་དུ་ཕྱིན་ཡོད་པ་རེད།
ཧྲེན་ཀྲེན་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་བ་དང་པོ་ནས་བཞི་པའི་བར། ཧྲེན་ཀྲེན་གྱི་3Dཔར་འདེབས་འཕྲུལ་ཆས་དང་གྲངས་འཛིན་པར་ཆས་ཀྱི་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་52.4དང་སྒོར་དུང་ཕྱུར་37.1སོ་སོར་ཟིན་ཏེ་དུས་མཚུངས་ལས་128.6%དང་72.1%སོ་སོར་འཕར་ནས། རྒྱལ་ཡོངས་ཀྱི་རིགས་མཐུན་ཚོང་ཟོག་ཕྱིར་གཏོང་རིན་ཐང་དངུལ་འབོར་གྱི་85.8%དང་70.3%སོ་སོར་བཟུང་ཡོད་པ་རེད།
རྒྱལ་ནང་གི་དགོས་མཁོ་བརྟན་པོའི་ངང་ཆེ་རུ་ཕྱིན་ནས་ནང་འདྲེན་གྱི་གཞི་ཁྱོན་དུས་མཉམ་དུ་འཕར་བར་སྐུལ་ཁྲིད་བྱས་པ་དང་། དུས་ཚིགས་དང་པོར་ལག་རྩལ་མཐོ་བའི་ཐོན་རྫས་ཀྱི་ནང་འདྲེན་དངུལ་འབོར་25.1%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།