ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཁག་17གྱིས《རྒྱལ་ནང་གི་ཚོང་དོན་ཉོ་ཚོང་ཁྲིད་སྟོན(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་པ།
ཁེ་ལས་ལ་བཀོལ་སྤྱོད་ཆོག་པ་དང་དོན་འཁྱོལ་བྱེད་བདེ་བའི་བྱ་སྤྱོད་ཚད་ལྡན་མཁོ་འདོན་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་ཚོང་ལས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་འཁེལ་འཐག་བཟོ་ལས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་སོགས་རྒྱལ་ཡོངས་རང་བཞིན་གྱི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཁག་17གྱིས་པེ་ཅིང་དུ《རྒྱལ་ནང་གི་ཚོང་དོན་ཉོ་ཚོང་ཁྲིད་སྟོན(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་པ་རེད།
ཁྲིད་སྟོན་དེར་ཁྱོན་ལེའུ་7དང་དོན་ཚན་38ཡོད་ཅིང་། ལས་རིགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། འགག་གནད་དང་དཀའ་གནད་ལ་དམིགས་པ། ཉོ་ཚོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ཏེ། ཉོ་ཚོང་གི་གན་རྒྱ་འཇོག་པ་དང་། དངོས་ཟོག་རྩིས་སྤྲོད་རྩིས་ལེན། རྩིས་རྒྱག་དུས་ཚོད་དང་གཏོང་སྤྲོད། རྩོད་གཞི་ཐག་གཅོད། ཚོང་ལས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་སོགས་ལྷུ་ཚིགས་ཁག་ལ་གཏན་འབེབས་ཁ་གསལ་བྱས་ནས། རྒྱལ་ནང་དུ་ཚོང་དོན་ལ་ཞུགས་མཁན་ཁེ་ལས་ལ་བཀོལ་སྤྱོད་ཆོག་པ་དང་དོན་འཁྱོལ་བྱེད་བདེ་བའི་བྱ་སྤྱོད་ཚད་ལྡན་མཁོ་འདོན་བྱས་ཡོད་པ་རེད།
རང་རྒྱལ་གྱི་རྒྱལ་ནང་ཚོང་དོན་ཁྲོམ་རའི་གཞི་ཁྱོན་ཆེ་བ་དང་། ཁེ་ལས་ཀྱི་བྱེད་པོ་མང་བ། ལས་ཞུགས་ཁྱབ་རྒྱ་ཆེ་བ་བཅས་ནི་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེར་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། 2025ལོར་རང་རྒྱལ་གྱི་སྤྱི་ཚོགས་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་50ལས་བརྒལ་ནས་འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད། འོན་ཀྱང་། སྤྱི་ཡོངས་ནས་བལྟས་ན། རྒྱལ་ནང་གི་ཚོང་དོན་ཐད་སྔར་བཞིན་ཉོ་ཚོང་ཚད་ལྡན་མེད་པ་དང་། རྩིས་རྒྱག་ཡུན་རིང་བ། དངུལ་ལེན་དཀའ་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། ཁེ་ལས་ཀྱིས་རྒྱལ་ཡོངས་གཅིག་གྱུར་དང་འགན་དབང་ཁ་གསལ་གྱི་ཚད་གཞི་མཐོ་བའི་ཉོ་ཚོང་སྒྲིག་སྲོལ་འཛུགས་པར་རེ་འབོད་ཆེན་པོ་བྱེད་ཀྱི་ཡོད། ཁྲིད་སྟོན་ཡོངས་བསྒྲགས་བྱས་པ་ལས་གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་གོ་རིམ་ལྡན་པའི་ཁྲོམ་རའི་མ་ལག་སྐྲུན་པར་ཕན་པ་ཡོད་པ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།