དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལོ་རྒྱུས་ཀྱི་གདམ་ག མི་དམངས་ཀྱི་གདམ་ག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-19

    ད་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་ཞིག་རེད། ལོ་ངོ་75ཡི་གོང་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་གྲོས་མཐུན་བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཁྱབ་བསྒྲགས་བྱས་པས་བོད་འདི་ཉིད་ནམ་ཡང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕྱོགས་གཏོགས་ཀྱི་འཆིང་རྒྱ་ལས་གྲོལ་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་སྲིད་ལོའི་རྩིས་འགོ་གསར་པ་ཚུགས་ཡོད།

    ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་རྙིང་པ་དེ་ཉིད་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དབང་སྒྱུར་འོག་ཡུན་རིང་གནས་ཡོད། བོད་ཀྱི་མི་འབོར་གྱི་5%ཡང་མི་ཟིན་པའི་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་བཙུན་བཅས་མངའ་བདག་ཆེན་པོ་གསུམ་གྱིས་བོད་ཀྱི་རྨོ་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་བཅས་ཡོངས་རྫོགས་དང་དེ་བཞིན་ཕྱུགས་རིགས་མང་ཆེ་བ་བཟུང་ནས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་གི་ཤི་གསོན་ལས་དབང་རང་དགར་སྟངས་འཛིན་བྱས་ཡོད། མི་འབོར་མང་ཆེ་བ་བཟུང་བའི་དམའ་རིམ་མང་ཚོགས་ལ་མི་ལུས་རང་དབང་སྤུ་ཙམ་ཡང་མེད་པ་དང་། མི་རབས་ནས་མི་རབས་བར་མངའ་བདག་ལ་བརྟེན་དགོས་པ། ལོ་འཁོར་མོར་ཁྲལ་འུ་ལག་དང་། དཔྱ་ཁྲལ་ལྗིད་པོ། གདུག་རྩུབ་ཆེ་བའི་བཤུ་གཞོག་བཅས་ཚད་མེད་མྱོང་དགོས་པ། ལོ་འཁོར་མོར་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་པ། གཞི་རྩའི་འཚོ་གནས་དབང་ཆ་དང་མི་གཤིས་ལ་རྒྱར་རང་སྣང་གང་ཤར་གྱིས་རྡོག་རོལ་བཏང་བ། དཀའ་སྡུག་ཚད་མེད་མྱངས་པ་བཅས་རེད། དེ་དང་ཆབས་ཅིག་བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱིས་སིམ་འཛུལ་དང་ཐེ་ཇུས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་མངའ་ཁོངས་ཀྱི་ས་ཆ་ཁ་ཕྲལ་གཏོང་བ་དང་། བོད་དང་མེས་རྒྱལ་དབར་གྱི་ཁྲག་རྒྱུན་འབྲེལ་ཐག་གཅོད་པའི་རེ་ངན་བཅངས་ཏེ། ཡོ་ལང་དང་རྩོད་གཞི་རྒྱུན་ཆད་མེད་པར་བཟོས་ནས་བོད་ཀྱི་མི་དམངས་རྣམས་དཀའ་སྡུག་དེ་བས་ཆེ་བའི་གནས་སུ་གྱར་ཡོད། ནང་ཁུལ་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་ལྕི་པོས་བཅིངས་པ་དང་ཕྱི་ངོས་ནས་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་གདུག་རྩུབ་ཆེ་བའི་ལྐོག་གཡོ་ངན་ཇུས་བཤམས་རུང་། སྡུག་བསྔལ་གྱིས་མནར་བའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཉིན་མཚན་བལྟོས་མེད་ངང་གཉའ་གནོན་ལས་ཐར་ཏེ་འོད་ཟེར་ལྡན་པའི་འཚོ་བ་སྐྱེལ་རེ་ཆེན་པོ་བྱེད་ཀྱི་ཡོད།

    ཀྲུང་གོ་གསར་པ་དབུ་བརྙེས་པའི་གཏམ་བཟང་དེས་སྨུག་རྡུལ་འཁྲིགས་པའི་ཁྲོད་སྐྱ་མདའ་བཏང་བ་ལྟར་གངས་ལྗོངས་ས་མཐོའི་མི་དམངས་ལ་འོད་སྣང་སྦྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་སེམས་ལ་བཅངས་པ་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ཐབས་ཇུས་གལ་ཆེན་བཏོན་པར་བོད་ཀྱི་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ་དང་མི་རིགས་ཁག་གི་མི་སེར་གྱིས་སྙིང་དབུས་ནས་བརྩི་བཀུར་དང་སྤྲོ་སེམས་འཁོལ་པོས་དང་ལེན་ཞུས་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ལྷག་བསམ་རྣམ་དག་གི་རྒྱལ་གཅེས་བསམ་པ་བརྟན་པོ་བཅངས་ཏེ་འཕྲལ་མར་ཀྲུང་དབྱང་ལ་གློག་འཕྲིན་བཏང་གནང་སྟེ། བོད་མི་དམངས་ཀྱིས་མེས་རྒྱལ་གྱི་པང་དུ་ལོག་འདོད་ཆེན་པོ་བྱེད་པ་དང་མི་དམངས་བཅིངས་འགྲོལ་དམག་བོད་དུ་བཅའ་སྡོད་བྱ་རྒྱུའི་རེ་སྒུག་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་བསམ་འདུན་གཟབ་ནན་ངང་ཞུས་པ་དང་། དགེ་སྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་མཚོན་བྱེད་དུ་བྱས་པའི་རྒྱལ་གཅེས་ཡར་ཐོན་མི་སྣས་མི་སྒེར་གྱི་བདེ་སྡུག་ལ་མི་འཛེམ་པ་དང་དཀའ་ཉེན་ལ་མི་སྐྲག་པར་གང་སར་ཕེབས་ནས་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་འབོད་སྐུལ་གནང་བ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་དང་མི་རིགས་མཐུན་སྒྲིལ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་གནང་ཐོག་གངས་ལྗོངས་ཀྱི་བུ་ཕྲུག་ཚོས་བཅིངས་འགྲོལ་དང་འོད་ཟེར་ལ་བློ་ཁ་ཕྱོགས་པའི་ལྷག་བསམ་ཟོལ་མེད་ཀྱི་བསམ་འདུན་མེས་རྒྱལ་གྱི་ས་གནས་ཁག་ཏུ་བརྒྱུད་བསྒྲགས་གནང་ཡོད། ཞིང་བྲན་ཁྲི་ཚོ་བརྒྱས་དེ་བས་ཀྱང་སེམས་པ་ཀྲུང་དབྱང་ལ་ཕྱོགས་བཞིན་མངའ་བདག་ཆེན་པོ་གསུམ་གྱི་གདུག་རྩུབ་ཆེ་བའི་གཉའ་གནོན་ལས་སྔ་ཙམ་བསྒྲལ་རྒྱུའི་རེ་སྒུག་དང་། བཙན་རྒྱལ་རིང་ལུགས་ཀྱི་ཁ་ཕྲལ་ཕྱོགས་གཏོགས་མཐར་སྐྲོད་དཔྱིས་ཕྱིན་པ་གཏོང་རྒྱུའི་རེ་སྒུག ལ་རྒྱ་ཡོད་པ་དང་། ལྟོ་གོས་འཛོམས་པ། རང་དབང་ཡོད་པ་བཅས་ཀྱི་བདེ་འཇགས་ལྡན་པའི་འཚོ་བར་རེ་སྒུག་བཅས་བྱེད་ཀྱི་ཡོད།

    བོད་ཞི་བས་བཅིངས་འགྲོལ་གཏོང་བ་ནི་ལོ་རྒྱུས་ཀྱི་ལྡོག་མེད་གདམ་ག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལྡོག་མེད་གདམ་ག་རེད། ཡངས་ཤིང་རྒྱ་ཆེ་བའི་འབྲོག་ར་ནས་རི་གྲོང་བར་དང་མང་ཚོགས་དཀྱུས་མ་ནས་རྒྱལ་གཅེས་མི་སྣ་བར། གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས་བསམ་འདུན་གཅིག་མཚུངས་བཅངས་ཏེ། ཀྲུང་གོ་གུང་ཁྲན་ཏང་ལ་སྙིང་དབུས་ནས་གོང་བཀུར་ཞུ་བ་དང་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཞི་བས་བཅིངས་འགྲོལ་གཏོང་བ་འགོ་འཛུགས་སར་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ཡང་དག་བརྒྱུད་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་འོད་སྟོང་འཕྲོ་བའི་ལག་ལེན་ནང་དཔའ་ངར་ཆེན་པོས་ཞུགས་པ་བཅས་བྱས་ནས་གོམ་པ་རེ་རེ་ལས“དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།