དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྟག་རྩེ་ཆུས་ཧུའེ་ཀེ་རྒྱ་སེ་མེ་ཏོག་ལྡུམ་རར་ཡུལ་དེ་གའི་མེ་ཏོག་འདེབས་འཛུཌ་བྱས་ཏེ་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལས་རྣམ་གསར་པར་མཐུན་རྐྱེན་སྦྱར་བ།

    སྒོ་འགྲམ་ནས་མེ་ཏོག་སོས་པ་འཐུ་ཆོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-19

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་སྐྱོད་སྐབས། རྒྱ་སེ་མེ་ཏོག་ལྡུམ་རར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ནས་ཡུལ་ལྗོངས་ལྟ་ན་སྡུག

    “ལོ་ལྟར་གྱི་ཟླ་5པ་ནས་བཟུང་རྒྱ་སེ་མེ་ཏོག་འཐུ་བ་དང་ཕྱིར་ཚོང་བྱེད་མང་ཤོས་ཀྱི་དུས་ཚིགས་རེད། གླིང་དེས་ཕྱོགས་གཅིག་ནས་ལྷ་ས་གྲོང་ཁྱེར་གྱི་མེ་ཏོག་སྡེབ་ཚོང་ཁྲོམ་རའི་དགོས་མཁོ་བརྟན་པོའི་ངང་སྐོང་བ་དང་གཅིག་ཤོས་ནས་གླིང་དེ་གྲོང་མི་ཚོ་གཟའ་མཇུག་ཏུ་སྤྲོ་གསེང་ལ་སྐྱོད་ས་དང་། མེ་ཏོག་འཐུ་བར་སྐྱོད་ས། མེ་ཏོག་ལ་ལྟ་བར་སྐྱོད་ས་བཅས་ཡག་པོ་ཞིག་ཏུ་གྱུར་ཡོད” རྟེན་གཞིའི་འགན་འཁུར་བ་ཧུའེ་ཀེའི་ངོ་གདོང་ཅུང་ནག་ཅིང་། ཤ་རོས་ཁེངས་པའི་ལག་ཟུང་ནས་མེ་ཏོག་འདེབས་པའི་ལས་ཀ་ནི་དེ་བས་དཀའ་ལས་ཆེན་པོ་ཡོད་པ་མངོན་གྱི་ཡོད།

    ཡུན་ནན་ནས་ཡིན་པའི་ཧུའེ་ཀེ་ཡིས་ལྷ་སར་ལོ་20ལྷག་ཙམ་དཀའ་ལས་བརྒྱབ་ཅིང་། ལོ་3གྱི་གོང་ཁོ་པས་ལྷ་སའི་མེ་ཏོག་སོས་པ་མང་ཆེ་བ་ནང་ས་སོགས་ས་ཐག་རིང་པོ་ནས་དབོར་འདྲེན་བྱེད་དགོས་ཀྱི་ཡོད་པ་མ་ཟད།སྐྱེལ་འདྲེན་གྱི་དུས་འཁོར་རིང་བ་དང་། གཉེར་སྐྱོང་གི་མ་གནས་མཐོ་བ། མེ་ཏོག་སོས་པར་གནས་དཀའ་བ་སོགས་ཀྱི་དཀའ་གནད་མང་པོ་ཤེས་རྟོགས་བྱུང་བ་དང་ཆབས་ཅིག གནས་དེ་གའི་མེ་ཏོག་སོས་པའི་ཁྲོམ་རར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པའི་སྔོན་དཔག་ཀྱང་ཐུབ་པས། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལྷ་སའི་གྲོང་འདབས་སུ་ཡོད་པའི་སྟག་རྩེ་ཆུས་དེང་རབས་ཞིང་ལས་ཐོན་ལས་གླིང་བདམས་ཏེ། ཧུའེ་ཀེ་རྒྱ་སེ་མེ་ཏོག་ལྡུམ་ར་བསྐྲུན་ནས་ས་མཐོའི་ཡུལ་དེ་གའི་མེ་ཏོག་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱེད་འགོ་བཙུགས་ཡོད།

    ཡུལ་གཞན་ནས་དབོར་བ་ནས་རང་ཡུལ་དུ་འདེབས་འཛུགས་བྱས་པའི་བར་དུ། ཁོང་ཚོས་ལྷ་སའི་མེ་ཏོག་སོས་པ་མཁོ་འདོན་ཐད་ཀྱི་ཞན་ཆ་བསལ་བ་དང་། མེ་ཏོག་ཚོང་ཁང་གི་ཟོག་ཁུངས་བརྟན་པོ་དང་འདང་ངེས་ཡོང་བའི་འགན་ལེན་བྱས་པ་མ་ཟད། ད་དུང་དུས་བབ་དང་བསྟུན་ནས་མེ་ཏོག་ལ་ལྟ་བ་དང་། མེ་ཏོག་འཐོག་པ། སྤྲོ་གསེང་བྱེད་པ་བཅས་ཟུང་དུ་འབྲེལ་བའི་ཞིང་ལས་ཡུལ་སྐོར་མཉམ་འདྲེས་ཀྱི་ལས་རྣམ་གསར་པ་དེ་བས་ཀྱང་བཏོད་ཡོད། ད་ཆ་གཟའ་མཇུག་དང་དེ་བཞིན་དུས་ཆེན་སླེབས་རིམ་བཞིན་གྲོང་མི་མི་ཉུང་བས་སྒེར་འཁོར་བཏང་ནས་ལྡུམ་རར་མེ་ཏོག་འཐོག་པ་དང་མེ་ཏོག་ལ་ལྟ་བར་ཡོང་བ་ལས། གྲོང་གསེབ་ཀྱི་སྤྲོ་གསེང་རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།

    མིག་སྔར། རྒྱ་སེ་མེ་ཏོག་ལྡུམ་རར་ཆེད་ལས་འདེབས་འཛུགས་དྲོད་ཁང་13ཡོད་པ་དང་། འདེབས་འཛུགས་གཞི་ཁྱོན་མུའུ་20ཙམ་ཟིན་པ། མེ་ཏོག་སྣ་ཚོགས་སྣ་ཁ་30ལྷག་ཙམ་ཡོད། “རྒྱ་སེ་མེ་ཏོག་ལྡུམ་རར་མེ་ཏོག་ས་མཐོ་དམར་པོ་དང་། ཙེ་ཞ་ཤན་ཙི། ཁ་པུའུ་ཆི་ནུའོ་སོགས་རྒྱ་སེ་མེ་ཏོག་སྤུས་ལེགས་ཀྱི་སྣ་ཁ་འཛོམས་པ་མ་ཟད། ད་དུང་ཁང་ནེ་ཤིན་དང་ཉི་མ་མེ་ཏོག་སོགས་མེ་ཏོག་སྣ་ཚོགས་ཀྱང་ཡོད”ཅེས་དང་དུས་ཆེན་དང་གུང་གསེང་འཇོག་རིམ་བཞིན་ལྡུམ་རར་ཡོང་མཁན་གྲོང་མི་མང་བ་དང་ཉིན་གཅིག་ལ་མེ་ཏོག་རྐང་1000ལྷག་ཙམ་བྲིན་གྱི་འདུག་ཅེས་ངོ་སྤྲོད་བྱས་པ་རེད།

    ཧུའེ་ཀེ་རྒྱ་སེ་མེ་ཏོག་ལྡུམ་ར་གཉེར་སྐྱོང་བྱས་པ་ལས་ས་ཆའི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱུང་སྟེ། སྲོལ་རྒྱུན་གྱི་ཞིང་ལས་དེ་ཁྱད་ལྡན་སྐྱེད་ཚལ་སྒྱུ་རྩལ་དང་སོས་དལ་ཞིང་ལས་ཕྱོགས་སུ་ཕྱོགས་རྒྱུར་སྐུལ་མ་ཐེབས་པ་མ་ཟད། ས་གནས་དེ་གའི་ཡུལ་མི་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད། “མེ་ཏོག་སོས་པ་འདེབས་གསོ་བྱེད་པ་ནས་དྲོད་ཁང་ཆེན་པོར་བདག་སྐྱོང་བྱེད་པའི་བར་དང་ཡལ་གཅོད་རྒྱག་པ་ནས་ཕྱིར་ཚོང་བྱེད་པའི་བར། ངས་འདི་གར་ལས་ཀ་བྱས་པར་ཡོང་འབབ་བྱུང་བ་མ་ཟད། ད་དུང་འདེབས་འཛུགས་ལག་རྩལ་ཡང་མང་པོ་ཤེས་བྱུང”ཞེས་ས་གནས་དེ་གའི་ཡུལ་མི་པ་སངས་ཀྱིས་མེ་ཏོག་ལ་ཡལ་གཅོད་རྒྱག་བཞིན་བཤད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷ་སའི་ཉེ་འཁོར་དུ་སྤྲོ་གསེང་འཐུ་འཐོག་ཡུལ་སྐོར་གྱི་ཚ་རླབས་ཤིག་འཕྱུར་ཞིང་། ཧུའེ་ཀེ་རྒྱ་སེ་མེ་ཏོག་ལྡུམ་རས་སྟག་རྩེའི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཞིང་ལས་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་གྱི་མཉམ་འདྲེས་བྱེད་སྟངས་སྤྱད་ཅིང་། ཞིང་ཁའི་མཛེས་ལྗོངས་དང་མེ་ཏོག་ལྡུམ་ར་དེ་མི་རིགས་ཀྱི་རིག་གནས་དང་ཟུང་འབྲེལ་གྱིས་ཉེ་འཁོར་གྱི་སྤྲོ་གསེང་གནས་རྟགས་གསར་པ་བཏོད་དེ། གྲོང་མི་གླིང་ག་གཏོང་བ་དང་སྤྲོ་གསེང་བྱེད་པར་གདམ་ག་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད་ལ། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་། ཞིང་པའི་ཡོང་འབབ་མང་དུ། རིག་གནས་ཡུལ་སྐོར་གྱི་རིན་ཐང་ཆེ་རུ་བཅས་ཀྱང་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།