དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི་ལོ་འཁོར་གྱི“བོད་ཀྱི་བཟོ་བོའི”མཚན་སྙན་ཐོབ་མཁན་དབྱང་མན་ཅུན་གྱིས།

    ཚན་ཞིབ་ལ་བརྟེན་ས་མཐོར་མཐུན་རྐྱེན་སྦྱར། བཟོ་བོའི་བརྩེ་བས་ཤེས་ལྡན་མི་སྣ་བསྐྱངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-19

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སྲོག་ཆགས་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་དང་། ས་མཐོའི་སྐྱེ་ཕན་ཕྲ་སྲིན་དང་འདུས་རྡུལ་སྐྱེ་དངོས་ཚོགས་པའི་འགན་འཁུར་བ། 2025ལོའི་ལོ་འཁོར་གྱི“བོད་ཀྱི་བཟོ་བོའི”མཚན་སྙན་ཐོབ་མཁན་བཅས་ཡིན་པའི་དབྱང་མན་ཅུན་གྱིས་ས་མཐོའི་སྐྱེ་དངོས་ལག་རྩལ་དང་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཞིབ་འཇུག་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁོང་གིས་དུས་རྒྱུན་ཚོད་ལྟ་ཁང་དུ་ལས་ཀ་བྱེད་པ་དང་འབྲོག་ར་དང་ཞིང་ནང་དུ་རྟོག་ཞིབ་བྱེད་པར་འགྲོ་གི་ཡོད་པས། མཐའ་མཚམས་སུ་གཞིས་ཚུགས་པའི་ཚན་རིག་ཞིབ་འཇུག་པ་ཞིག་ཡིན་ལ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མཁན་ཞིག་ཀྱང་རེད། ཁོང་གིས་དུས་རབས་གསར་པའི་ཚན་རྩལ་སློབ་གསོའི་ལས་དོན་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཕྲག་ཏུ་འཁུར་བཞིན་མཆིས།

    ཐོག་མའི་བསམ་འདུན་ལམ་སྟོན་སྒྲོན་མེར་བྱས། ཡངས་པའི་ས་མཐོར་རྩ་བ་བརྟན་པོ་བཙུགས།

    2005ལོར། སི་ཁྲོན་ཞིང་ལས་སློབ་ཆེན་ནས་ཐོན་མ་ཐག་པའི་དབྱང་མན་ཅུན་གྱིས་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་བོད་དུ་ཐོན།

    ས་མཐོར་སླེབས་མ་ཐག་པའི་སྐབས་སུ། མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་འཚོ་བའི་ཆ་རྐྱེན་དབང་གིས་ཁོང་ལ་ཕྱིར་བཤོལ་གྱི་བསམ་བློའང་འཁོར་མྱོང་ཡོད། འདས་ཟིན་པའི་ལོ་ཟླའི་སྐོར་གླེང་སྐབས། དབྱང་མན་ཅུན་གྱིས“སྐབས་དེ་དུས། སློབ་གྲྭར་འགྲོ་སའི་ལམ་ཐེབས་ཆག་ལས་མེད་པས། ཕྱི་ལ་འགྲོ་ཐེངས་རེར་ལྷམ་དང་སྟོད་གོས་འདམ་བག་གིས་ཁེངས་ཀྱི་འདུག”ཅེས་དགོད་ཀྱིན་བརྗོད། དཀའ་ཚེགས་ཇི་ལྟར་ཆེ་ནའང་ཁོང་གིས་མདུན་སྐྱོད་ཀྱི་གོམ་སྟབས་སྤོ་མཚམས་གཏན་ནས་འཇོག་མྱོང་མེད། ལས་ཐོག་ཏུ་ཁོང་གིས་སྔ་རྗེས་སུ་ཀྲུང་ཧྲན་སློབ་ཆེན་གྱི་ཤེས་རམས་པ་དང་འབུམ་རམས་པའི་སློབ་གནས་བླངས་པ་མ་ཟད། སེམས་ནུས་ཡོད་རྒུ་ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཕྲ་རབ་ཐོན་ཁུངས་ཀྱི་ཞིབ་འཇུག་ལ་བཞག་པ་རེད།

    ལོ་མང་ཚན་ཞིབ་ཀྱི་འཚོལ་ཞིབ་ཁྲོད། ཁོང་གིས་ས་མཐོའི་རིན་ཐང་དེ་བས་ཤེས་རྟོགས་ཐུབ་པ་སྟེ། ས་ཆ་འདི་ནི་ཁྱད་དུ་འཕགས་པའི་རང་བྱུང་སྐྱེ་དངོས་ཕྲ་རབ་འབུ་ཕྲའི་རིགས་ཀྱི་བང་མཛོད་ལྟར་དུ་སྣང་ཞིང་། དམིགས་བསལ་ཁོར་ཡུག་ཁྲོད་ནས་ཐུན་མིན་དང་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཕྲ་རབ་ཀྱི་སོན་རྩའི་ཐོན་ཁུངས་བལྟམས་པས་ཚན་རིག་ཞིབ་འཇུག་གི་རིན་ཐང་ནི་གཞལ་དཀའ་བ་ཞིག་རེད། ངེས་ཤེས་ཟབ་མོ་དེས་ཁོང་གིས་ས་མཐོའི་ཚན་ཞིབ་ལ་བཅངས་པའི་དགའ་ཞེན་རབ་ཏུ་འཕེལ་བ་དང་། བོད་དུ་གཞིས་ཚུགས་ཏེ་ཚན་ཞིབ་སྟོབས་ཤུགས་ལ་བརྟེན་ནས་མཐའ་མཚམས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་སེམས་ཐག་ཀྱང་བཅད་པ་རེད།

    ཚན་རྩལ་ཐབས་མཆོག་དམིགས་བསལ་གཙིགས་སུ་འཛིན། དམངས་ཀྱི་འཚོ་བར་མཐུན་རྐྱེན་ལེགས་པར་སྦྱར།

    2021ལོར་དབྱང་མན་ཅུན་གྱིས་སྣེ་ཁྲིད་དེ་ས་མཐོའི་སྐྱེ་ཕན་ཕྲ་སྲིན་དང་འདུས་རྡུལ་སྐྱེ་དངོས་ཚོགས་པ་བཙུགས་ཏེ་མི་སྒེར་གྱིས་འབད་འཐབ་བྱེད་པ་ནས་ཚོགས་པའི་འགག་སྒྲོལ་ལ་ཕྱོགས་ཏེ་ས་མཐོའི་སྐྱེ་དངོས་ཕྲ་རབ་ཀྱི་ཚན་ཞིབ་དཀའ་གནད་ཀྱི་ཕྱོགས་སུ་ལག་གདང་སྦྲེལ་ཏེ་ཟམ་མི་ཆད་པར་མདུན་སྐྱོད་བྱས་ཡོད།

    ཚན་ཞིབ་ཀྱི་ལམ་བུ་ནི་བསམ་ཚོད་ལས་དཀའ་ཚེགས་ཆེ་བ་ཡོད་ཅིང་། ཚོད་ལྟའི་སྨན་རྫས་ལྗོངས་ཕྱི་ནས་ཐག་རིང་སྐམ་ཐོག་སྐྱེལ་འདྲེན་བྱེད་དགོས་པས། སྐམ་འཁྱགས་དུས་རྒྱུན་ལས་ལྡབ་གསུམ་གྱིས་མང་བ་གྲ་སྒྲིག་བྱས་ནའང་ལམ་བར་ཟད་གྲོན་གྱིས་སྔར་བཞིན་ཚོད་ལྟའི་སྨན་རྫས་ཀྱི་ཕན་ནུས་ཆག་གི་ཡོད། ཕྱི་རོལ་དུ་མ་དཔེ་བསྡུ་ལེན་བྱེད་སྐབས་ཀྱང་དཀའ་ཚེགས་ཆེ་ཞིང་། ལ་དུག་དང་། འགྱུར་ལྡོག་ཆེ་བའི་གནམ་གཤིས། འཕྲང་ལམ་དོག་མོ་སོགས་འགྲོ་སྐྱོད་བྱེད་ཐེངས་རེར་ཚོད་བགམ་མང་དག་ཅིག་འཕྲད་ཀྱི་ཡོད། ཚན་ཞིབ་ལ་སྐུལ་འདེད་གཏོང་རིང་། མ་དངུལ་གྱི་འགན་ལེན་དང་། ལས་སྟེགས་འཛུགས་སྐྲུན། གྲུབ་འབྲས་གཞན་འགྱུར་སོགས་ཀྱི་དཀའ་གནད་ཀྱིས་ཐོག་མཐའ་བར་གསུམ་དུ་ཚོགས་པའི་འཕེལ་རྒྱས་ལ་དཀའ་ངལ་འཕྲད་ཀྱི་ཡོད།

    དབྱང་མན་ཅུན་གྱིས་སྣེ་ཁྲིད་པའི་ཚོགས་པས་དཀའ་ངལ་མཐའ་དག་གདོང་གིས་བསུས་ཏེ་དེ་དག་རེ་རེ་བཞིན་འགག་སྒྲོལ་བྱས་ནས་མ་དཔེ་བསྡུ་རུབ་བྱེད་པར་བོད་ཀྱི་ས་ཆ་གང་སར་བསྐྱོད་ཡོད། ལོ་ཁ་ཤས་རིང་ས་མཐོའི་ཕྲ་སྲིན་རིགས་ཀྱི་མ་དཔེ་ཁྲི་བཅུ་གྲངས་ཁ་ཤས་བསགས་ཏེ། ཚན་ཞིབ་འགག་སྒྲོལ་ལ་རྨང་གཞི་བརྟན་པོ་བཏིང་ནས་ཚན་ཞིབ་ཀྱི་གྲུབ་འབྲས་མང་དག་ཅིག་དོན་འཁྱོལ་གནད་སྨིན་བྱུང་སྟེ་མང་ཚོགས་ལ་ཕན་པ་ཐོབ་ཡོད།

    བོད་ནི་རང་རྒྱལ་གྱི་འབྲོག་ལས་རྟེན་གཞི་གལ་ཆེན་ཞིག་ཡིན་ཡང་། མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་དམིགས་བསལ་ཁོར་ཡུག་གིས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འགྲན་སློང་དྲག་པོ་འཕྲད་ནས་དུས་ཡུན་རིང་པོ་སོང་ཡོད། ས་མཐོའི་འབྲོག་ལས་འཕེལ་རྒྱས་ཀྱི་དཀའ་གནད་ལ་དམིགས་ཏེ་དབྱང་མན་ཅུན་གྱིས་སྣེ་ཁྲིད་པའི་ཚོགས་པས་ས་མཐོའི་སྲོག་ཆགས་ཀྱི་ནད་གཞིའི་སྐྱེ་དངོས་ཕྲ་རབ་མགྱོགས་མྱུར་ཞིབ་དཔྱད་དང་རྙིང་ཚབ་གསར་བརྗེའི་སྙོམས་སྒྲིག་ལམ་སྲོལ་གྱི་ཞིབ་འཇུག་ཐད་སེམས་ནུས་མང་པོ་བཏོན་ཡོད། འཇམ་ནད་དང་། ཨ་ཧྥེ་རི་ཁའི་ཕག་ནད། འགོས་ཤུགས་ཆེ་བའི་བྱ་རིམས་སོགས་སྲོག་ཆགས་ཀྱི་ནད་ཡམས་ཆེ་གྲས་ལ་དམིགས་ཏེ་ཚོགས་པས་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་དང་ཚོད་ལྟ་ཡང་ཡང་བྱས་པ་བརྒྱུད་ནད་དུག་དང་། འབུ་ཕྲ། གཞན་བརྟེན་སྲིན་འབུ་བཅས་ཀྱི་ཞིབ་དཔྱད་ཀྱི་ཚོད་ལྟའི་སྨན་རྫས་སྒམ་ཆུང་105ཞིབ་སྤེལ་བྱས་པ་དང་། འཐུས་སྒོ་ཚང་བའི་ཞིབ་དཔྱད་ལག་རྩལ་མང་པོ་ཞིག་གྲུབ་ནས་བོད་དུ་མྱུར་དཔྱད་ལག་རྩལ་མེད་པའི་སྟོང་ཆ་བསྐངས་ཏེ་ས་མཐོའི་ཕྱུགས་ཟོག་གི་རིམས་འགོག་དང་ཞིང་འབྲོག་པའི་གསོ་ཚགས་ཀྱི་བདེ་འཇགས་བརྟན་དུ་གཏོང་བར་ཚན་རྩལ་གྱི་འཛིང་རགས་ཞིག་བསྐྲུན་ཡོད།

    ཟོལ་མེད་མཛུབ་ཁྲིད་སློབ་སྟོན་ལེགས་པར་བྱས། རྨད་བྱུང་ཤེས་ལྡན་མི་སྣ་དུ་མ་བསྐྱངས།

    ཚན་ཞིབ་ལ་གཞོལ་བ་དང་ཆབས་ཅིག་དབྱང་མན་ཅུན་གྱིས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཚན་ཞིབ་ལས་ལྷག་པའི་ཕུགས་ཀྱི་དོན་སྙིང་ལྡན་པའི་བྱ་གཞག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

    སློབ་ཁྲིད་ཀྱི་འཐབ་ས་དང་པོར་ཁོང་གིས་ས་མཐོའི་ཞིང་འབྲོག་ཐོན་ལས་ཀྱི་དོན་དངོས་ལ་དམ་པོར་དམིགས་ཏེ་སློབ་ཚན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་གཞི་རིམ་གྱི་དགོས་མཁོ་མཉམ་འདྲེས་གཏིང་ཟབ་བྱས་ཏེ་གཟབ་ནན་གྱི་སློབ་གཉེར་རྣམ་འགྱུར་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་གཞི་རྩ་བརྟན་དུ་བཏང་བ་དང་སེམས་ནུས་ཡོད་རྒུས་ཡུལ་འདི་གའི་ཞིང་འབྲོག་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ཡོད།

    སློབ་མ་འཚར་ལོངས་དང་འཇོན་ཐང་འཕེལ་བར་རམ་འདེགས་བྱ་ཆེད། དབྱང་མན་ཅུན་གྱིས་རིག་གཞུང་སྤེལ་རེས་དང་ལག་ལེན་གྱི་ལས་སྟེགས་ཧུར་ཐག་བསྐྲུན་པ་དང་། རྒྱུན་རྣམ་ཅན་གྱི་ཚན་ཞིབ་སྙན་ཞུ་དང་རིག་གཞུང་བགྲོ་གླེང་ལམ་སྲོལ་བཙུགས་པ་མ་ཟད། ལས་རིགས་ཀྱི་རིགས་གཅིག་མཁས་ཅན་སློབ་ཁྲིད་དང་མཛུབ་ཁྲིད་ལ་གདན་དྲངས་པ་དང་ཕུལ་བྱུང་སློབ་མ་ལྗོངས་ཕྱིའི་མཐོ་སློབ་དང་ཁེ་ལས་སུ་ཟབ་སྦྱོང་བྱེད་པར་མངགས་ཡོད།

    ལོ་མང་རིང་། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ས་གནས་དེ་གའི་ཞིང་འབྲོག་ཚན་ཞིབ་ཤེས་ལྡན་མི་སྣ་30ལྷག་ཙམ་གསོ་སྐྱོང་བྱས་ཤིང་། སློབ་མ་དེ་དག་ཁྲོད་ཁག་གཅིག་གཞི་རིམ་ཞིང་ལས་ལག་རྩལ་ལས་གནས་སུ་གཞི་ཚུགས་པ་དང་། ཁག་གཅིག་གིས་ཚན་རིག་ཞིབ་འཇུག་གི་འཐབ་ས་དང་པོ་བརྟན་སྲུང་བྱེད་པ། ཁག་གཅིག་གིས་སློབ་གྲྭར་བསྡད་དེ་སློབ་མ་སྐྱོང་བ་བཅས་བྱས་ནས། བོད་ཀྱི་ཞིང་འབྲོག་བྱ་གཞག་འཕེལ་རྒྱས་ཀྱི་ཀ་རྟེན་ལྟ་བུར་གྱུར་ཡོད་པ་རེད།

    ངལ་བ་དུ་མ་གདོང་གིས་བསུས། ཐོག་མའི་བསམ་འདུན་བྲག་བཞིན་བརྟན། དང་ཐོག་ས་མཐོར་སླེབས་སྐབས་ཅི་བྱ་གཏོལ་བྲལ་གྱི་གནས་བབ་ནས་འཐབ་ས་དང་པོར་ལས་ལ་གཞོལ་བའི་གདེང་ཚོད་བརྟན་དུ་ཕྱིན་པའི་བར། དབྱང་མན་ཅུན་གྱིས་ཚན་ཞིབ་ལ་བརྟེན་ནས་ས་མཐོའི་ས་གཞི་ཆེན་པོར་གཞིས་ཚུགས་ཏེ། བཟོ་བོའི་བློ་ཡིས་གཞོན་ནུ་ཤེས་ལྡན་པ་དུ་མ་བསྐྱངས་ནས། བརྟན་སྲུང་དང་འབད་འབུངས་ལས་ཚན་རྩལ་སློབ་གསོའི་ལས་དོན་པའི་ཐུན་མིན་གྱི་གཟི་འོད་གངས་ལྗོངས་ས་མཐོར་འཕྲོ་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།