ས་མཐོ་སྔོ་ལྗང་གོས་ཀྱིས་བཀླུབས། ལས་དར་དམངས་ཕྱུག་ལེའུ་གསར་རྩོམ།
—— མངའ་རིས་ས་ཁུལ་གྱིས་སྐྱེ་ཁམས་བརྟན་སྲུང་བྱས་ནས་སྔོ་ལྗང་དང་འབྱོར་ཕྱུག་གི་རྣམ་པ་གསར་པ་བཏོད་པའི་སྐོར་བཀོད་པ།
ལོ་ལྟར་གྱི་ཟླ་བ་བཞི་པར་མངའ་རིས་ས་ཁུལ་གྱི་འོས་འགན་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་གྱི་ཡོད། གྲམ་ཐང་དུ་ལས་བྱེད་པ་དང་མང་ཚོགས་ཚོས་ཤིང་འཛུགས་ལས་ལ་བྲེལ་བཞིན་ཡོད་པ་དང་། ལག་རྩལ་མཛུབ་ཁྲིད་པས་ས་ཡུལ་དངོས་ལ་སྡོང་ཕྲུག་འདེབས་སྟངས་ནས་སྡོང་ཕྲུག་གི་ཚད་གཞི་ལོན་མིན་དབྱེ་བ་ཕྱེ་བའི་བར་ལ་དོ་དོ་ནན་ནན་བྱེད་བཞིན་པ་མཐོང་བྱུང་། ཚང་མས་སྦྱག་མ་ཁྱེར་ཏེ་སྡོང་ཁུང་འདྲུ་བ་དང་སྡོང་ཕྲུག་ལ་ས་རྒྱག་པ་སོགས་བྱེད་བཞིན་ཡོད་པ་དང་། ལས་ཀ་བྱང་ཆུབ་པོ་དེ་ལྟར་ཡོད་པ་ནི་ཚང་མས་ལོ་ལྟར་ཤིང་འཛུགས་ནགས་བཟོའི་ལས་ལ་ཞུགས་པ་ལས་སྦྱོང་བརྡར་ཐེབས་པ་ཞིག་ཡིན་པ་སྨོས་ཅི་དགོས།
རང་བྱུང་ཁོར་ཡུག་གི་གནས་སྟངས་ཞན་པའི་ས་མཐོར་མངའ་རིས་བ་མི་རབས་མང་པོས་ཤིང་འཛུགས་སྔོ་འགྱུར་ཟམ་མི་ཆད་པར་བྱས་པ་ལས་སྐྱེ་ཁམས་ཀྱི་རྣམ་པ་གསར་རྐྱང་ཞིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད།
དཀའ་ཚེགས་ཆེན་པོས་འཚོལ་ཞིབ་བྱེད་པ་ནས་ཚན་རིག་དང་མཐུན་པའི་ངང་སྔོ་ལྗང་ལས་ལ་གཞོལ་བ།
ས་བབ་ལ་སྨི་4300ཟིན་པའི་སེང་གེ་ཁ་འབབ་རྒྱུད་དུ་ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི་བརྒྱ་ཡང་ཟིན་གྱི་མེད་པའི་ཁར། གང་སར་རྡོ་ཧྲུག་གིས་ཁེངས་པ་དང་ལོ་ལྟར་གྲང་རླུང་རྒྱུན་ཆད་མེད་པར་ལྡང་གི་ཡོད། “ནམ་མཁར་བྱ་མེད་ལ་ས་སྟེང་ལ་རྩྭ་མི་སྐྱེ་བ”ནི་སྔོན་ཆད་ཀྱི་དེ་གའི་སྐྱེ་ཁམས་ཀྱི་གནས་སྟངས་ཤིག་རེད།
དུས་རབས་གོང་མའི་ལོ་རབས་90པའི་དུས་འགོར། སེང་གེ་ཁ་འབབ་ཀྱི་བྱེ་འགོག་བྱེ་བཅོས་ལས་གྲྭ་དངོས་སུ་སྤེལ་འགོ་ཚུགས་ཤིང་། དེ་དུས་ཉམས་མྱོང་མེད་པའི་རྐྱེན་གྱིས་སྔོ་འགྱུར་ལས་ཀ་དེ་དཀའ་ཚེགས་ཆེན་པོས་འཚོལ་ཞིབ་བྱེད་དགོས་བྱུང་ཡོད། “ཐོག་མར་ཡུལ་གཞན་ནས་དབོར་འོང་བའི་སྡོང་ཕྲུག་དག་བཙུགས་ནས་ཉིན་འགའ་ཡང་མ་སོང་བར་ལྷགས་པས་མ་སྐམ་ན་འཁྱགས་ཐེབས་ནས་གསོན་མི་ཐུབ་ནའང་། ས་དོང་དྲུས་ནས་སྡོང་ཕྲུག་འཛུགས་རིམ་བཞིན་ཤི་འགྲོ་བ་སོགས་ཡང་སེ་བྱས་ནས་ཚང་མར་སེམས་ནད་ཆེན་པོ་བཟོ་གི་ཡོད”ཅེས་མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཕྱོགས་བསྡུས་ལས་སྒོ་ཁོའོ(ནགས་བཟོ)ཡི་ཁོའོ་ཀྲང་འགྱུར་མེད་ཚེ་རིང་གིས་དེ་དུས་ཀྱི་དཀའ་ཚེགས་བྱུང་ཚུལ་རྒན་རབས་ཚོས་རྟག་ཏུ་དྲན་གསོ་བྱེད་བཞིན་ཤོད་ཀྱི་ཡོད་ཚུལ་བཤད།
ས་མཐོར་འཚམ་པའི་ལྗོན་ཤིང་འདེམས་གསོ་བྱ་ཆེད། མངའ་རིས་ས་ཁུལ་གྱིས་མཚོ་སྔོན་དང་ཀན་སུའུ་རུ་ཤིང་སྣ་རྟོག་ཞིབ་ནང་འདྲེན་བྱེད་པར་མི་ཐེངས་མང་མངགས་ཤིང་། རྒྱ་ལྕང་དང་། འོམ་བུ། གླ་ཚེར་སོགས་གྲང་ངར་འཁྱོག་ཐུབ་པའི་ཐན་འགོག་སྡོང་ཕྲུག་རིགས་ཚོད་འདེབས་ཡང་ཡང་བྱས་པ་དང་། ལྗོན་ཤིང་གསོན་ཐབས་ཐད་འདེབས་འཛུགས་ཀྱི་ལག་རྩལ་ཕྱོགས་སྡོམ་དང་གཡོག་བྱེད་བྱ་ཐབས་ལེགས་སུ་བཏང་ཡོད། སྡོང་ཕྲུག་ཐར་ཐོར་བཏབ་པ་ནས་སྔོ་ལྗང་གི་ནགས་ཚལ་ཆགས་པའི་བར་མངའ་རིས་བས་ལོ་30ཙམ་རིང་མཐའ་འཁྱོངས་བྱས་པ་བརྒྱུད་ས་མཐོའི་སྐྱེ་ཁམས་སྔོ་འགྱུར་གྱི་ཐབས་ལམ་ཞིག་གཏོད་ཐུབ་ཡོད།
“དུས་འགོའི་སྔོ་འགྱུར་གྲུབ་འབྲས་ལ་བརྟེན་ནས། 2024ལོར་ང་ཚོས་བྱང་རིའི་སྔོ་འགྱུར་རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་པ་ཡིན། མིག་སྔར་ཤིང་འཛུགས་ནགས་བཟོ་མུའུ་1910.5ལེགས་སྒྲུབ་བྱས་ཡོད། དེ་མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་འདུ་འགོད་ཅིག་ཏུ་གྱུར་ཡོད”ཅེས་འགྱུར་མེད་ཚེ་རིང་གིས་བཤད། ཁོང་གིས། དེ་དང་ཆབས་ཅིག་ས་ཁུལ་རྒྱུན་རྣམ་ཅན་གྱིས་ས་ཁོངས་ཧྲིལ་པོའི་སྔོ་འགྱུར་ལ་སྐུལ་འདེད་བཏང་ནས་སེང་གེ་ཁ་འབབ་གྲོང་རྡལ་ལྟེ་བར་བྱས་ཏེ། བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། གྲུ་ཁུག་སྤྱི་གླིང་། ནེའུ་གསིང་ཆུང་ངུ་སོགས་བསྐྲུན་པ་མ་ཟད། རྒྱལ་ལམ་219དང་317དང་དེ་བཞིན་སེང་གེ་ཁ་འབབ་ནས་དགུན་ས་གནམ་ཐང་བར་གྱི་གཞུང་ལམ་རྒྱུད་དུ་སྡོང་རིང་དང་། སྡོང་ཐུང་། རྩྭ་བཅས་མཉམ་དུ་འདེབས་པའི་བྱ་ཐབས་སྤྱད་དེ“སྐྱེ་ཁམས་ཀྱི་བར་ཁྱམས”བཏོད་ཡོད་ཅེས་བཤད།
2025ལོར་སླེབས་སྐབས། མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་བཏོན་པའི་ནང་། 2027ལོར་སླེབས་སྐབས་ནགས་བཟོ་མུའུ་ཁྲི་10.34མང་དུ་བཏང་ནས་ནགས་ཤིང་གསོན་ཚད་85%ཡན་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་པ་བསྟན་ཡོད། རྩྭ་ར་སླར་གསོ་ཡོང་བར་དུས་གཅིག་ཏུ་ཤུགས་བརྒྱབ་ནས་རྩྭ་ར་ཞན་འགྱུར་མུའུ་ཁྲི་60ལ་བཀག་སྡོམ་དང་། རྩྭ་ར་སྙོལ་བ། མི་ཐབས་ཀྱིས་རྩྭ་འདེབས་པ་བཅས་བྱས་པའི་ཐོག་ཆེད་མི་བཀོད་སྒྲིག་གིས་བྱེ་འགྱུར་བཀག་སྡོམ་སྲུང་སྐྱོང་ཁུལ་3ལ་སྐོར་སྲུང་བྱས་ནས་སྐྱེ་ཁམས་སླར་གསོ་ཡོང་བར་རམ་འདེགས་བྱས་ཡོད།
རྨོངས་ཚོད་ཀྱི་ཚོད་འདེབས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་བར་དང་། ཐར་ཐོར་གྱི་སྔོ་ལྗང་ནས་ས་ཁོངས་ཡོངས་སྔོ་འགྱུར་བར་མངའ་རིས་ས་ཁུལ་གྱིས་གནད་སྨིན་དངོས་སྒྲུབ་ཀྱི་སྐྱེ་ཁམས་བྱ་ཐབས་ལ་བརྟེན་ནས་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་ཟམ་མི་ཆད་པར་བཏང་སྟེ་ལྗང་མདོག་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པར་བྱས་ཡོད།
ས་མཐོའི་སྔོ་ལྗང་སྲུང་སྐྱོང་གི་འགན་འཁྲི་ཧུར་ཐག་འཁུར་བ།
དཀའ་ཚེགས་ཆེན་པོས་འཚོལ་ཞིབ་བྱས་པ་བརྒྱུད། མངའ་རིས་ས་ཁུལ་གྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དེ་ཚན་རིག་ཅན་གྱི་འདེབས་འཛུགས་དང་ཞིབ་ཚགས་ཅན་གྱི་གཡོག་བྱེད་བྱ་རྒྱུའི་སྐས་རིམ་གསར་པར་དངོས་སུ་སླེབས་ནས། ནུས་ཤུགས་ཡོད་རྒུས“གསོན་ཐུབ་པ”ནས“སྐྱེ་འཚར་ཡག་པོའི”བར་འགྱུར་ལྡོག་བྱུང་སྟེ་ཆེད་ལས་ཀྱི་གཡོག་བྱེད་ལ་བརྟེན་ནས་སྐྱེ་ཁམས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད།
“ས་མཐོར་ཤིང་འཛུགས་བྱེད་པར་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་དགོས་པ་དང་། ལྷུ་ཚིགས་ཚང་མར་ཚད་གཞི་ནན་པོ་བརྒྱུད་དགོས”ཞེས་ལག་རྩལ་མཛུབ་ཁྲིད་པ་ཝང་ཅ་ཧའོ་ཡིས་བཤད་ཅིང་། ཁོང་གིས་ས་མཐོའི་སྐྱེ་ཁམས་ཉམས་ཞན་ཡིན་པས་ལྗོན་ཤིང་སྐྱེས་ཁག་པོ་ཡོད་པར་བརྟེན་གཡོག་བྱེད་བྱ་རྒྱུ་ནི་སྡོང་ཕྲུག་གསོན་ཐུབ་པའི་འགག་རྩ་ཡིན་པས། ས་དོང་ཆེ་ཆུང་དང་སྡོང་ཕྲུག་འདེམས་བསྒྲུགས་ནས་ཆུ་གཏོང་གཡོག་བྱེད་དང་ནད་འབུ་འགོག་བཅོས་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཚོད་འཛིན་ནན་པོ་བྱེད་དགོས་ཀྱི་ཡོད་ཅེས་བཤད།
“ལས་སླ་མོར་བྱུང་བ་ཞིག་མིན་པའི་ནགས་བཟོའི་གྲུབ་འབྲས་སྲུང་ཆེད། ང་ཚོས་ས་མཐོའི་རང་བྱུང་གི་མཐུན་རྐྱེན་དང་ཟུང་འབྲེལ་བྱས་ཏེ་ས་གནས་དེ་གར་འཚམ་པའི་ནགས་བཟོའི་ལག་རྩལ་མ་ལག་འཚོལ་ཞིབ་བྱས་པའི་ཐོག‘གཏིང་སྦས་ཅུང་མངོན་དང་། གྲོན་ཆུང་ཆུ་གཏོང་། ཁོག་མའི་སྡོང་གསོ’བཅས་ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་བྱེད་སྟངས་ཁྱབ་གདལ་བཏང་ནས་སྡོང་ཕྲུག་གསོན་ཚད་མཐོ་རུ་ཤུགས་ཆེན་བཏང་བས། མཚོ་ངང་ལྷ་རིང་མོའི་རྒྱ་ལྕང་དང་འོམ་བུ་སོགས་གྲོང་གསེབ་ཀྱི་སྡོང་ཕྲུག་གསོན་ཚད་85%ཡན་རྒྱུན་འཁྱོངས་ཐུབ་ཡོད”ཅེས་མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཡེ་ཤེས་རིག་འཛིན་གྱིས་བཤད།
“བཅུ་ཆ་གསུམ་འདེབས་འཛུགས་དང་བཅུ་ཆ་བདུན་གཡོག་བྱེད་ལ་ཐུག་ཡོད། ས་མཐོའི་སྡོང་ཕྲུག་ཚང་མ་རྩ་ཆེན་ཤ་སྟག་ཡིན་པས་ངེས་པར་དུ་སེམས་ནུས་ཡོད་རྒུས་གཡོག་བྱེད་བྱེད་དགོས”ཞེས་ཡེ་ཤེས་རིག་འཛིན་གྱིས་བཤད་ཅིང་། ཁོང་གིས་མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་གཡོག་བྱེད་བྱ་རྒྱུ་དེ་ལྟེ་བའི་གནས་བབ་ཐོག་བཞག་ནས་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཡོག་བྱེད་ཀྱི་འགན་འཁྲི་ནན་དུ་བཏང་སྟེ་ཡུག་གཅིག་ནགས་བཟོ་དང་། ཡུག་གཅིག་གསོན་ཐུབ་པ། ཡུག་གཅིག་སྐྱེ་འཚར་བཅས་ཡོང་བའི་འགན་ལེན་བྱས་ཏེ་ས་མཐོར་སྔོ་ལྗང་གིས་ཁེབས་པའི་སྐྱེ་ཁམས་ཀྱི་ཕན་འབྲས་ཡུན་རིང་ཐོན་པར་བྱས་ཡོད་ཅེས་བཤད།
སྡོང་ཕྲུག་ཐོན་ལས་ཀྱིས་མང་ཚོགས་ཀྱི་འབབ་འཕར་ལམ་བུ་བཏོད་པ།
“སྔོན་ཆད་ང་ཚོས་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད། ཡོང་འབབ་ཚང་མ་གནམ་གཤིས་དང་རྩྭ་རར་བསྟུན་དགོས་སྟབས་ཧ་ཅང་བརྟན་པོ་མེད། ད་ཆ་སྒོ་རྩའི་སྡོང་ཕྲུག་ར་བའི་རྟེན་གཞིར་ལས་ཀ་བྱེད་ཀྱི་ཡོད་པས། ཟླ་རེར་གཏན་འཇགས་ཀྱི་གླ་ཆ་ཡོད་པ་མ་ཟད་ཁྱིམ་ལ་ལྟ་རྟོག་ཐུབ་པ་དང་ཡོང་འབབ་ཀྱང་གསོག་ཐུབ་ཀྱི་འདུག་པས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་བཞིན་ཡོད”ཅེས་རེ་ཅོ་གྲོང་ཚོའི་ཚོགས་ཆུང་དང་པོའི་ཡུལ་མི་སྐལ་བཟང་ཆོས་དར་གྱིས་སྡོང་ཕྲུག་ལ་གཡོག་བྱེད་བྱེད་ཞོར་འཛུམ་དམུལ་དམུལ་ངང་འཚོ་བའི་འགྱུར་ལྡོག་སྐོར་གླེང་བཞིན་དུ་བཤད།
རེ་ཅོ་གྲོང་ཚོའི་སྡོང་ཕྲུག་ར་བའི་རྟེན་གཞི་བསྐྲུན་ནས་གཉེར་སྐྱོང་བྱས་པ་དང་ཆབས་ཅིག ས་གནས་དེ་གའི་འབྲོག་པ་དེ་བས་མང་པོ་སྡོང་ཕྲུག་ཐོན་ལས་བཟོ་པར་གྱུར་ནས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་བརྟན་པོ་བྱུང་སྟེ་སྲོལ་རྒྱུན་གྱི་གནམ་ཆུ་སྒུག་པའི་འཚོ་བ་སྐྱེལ་སྟངས་མཇུག་འགྲིལ་ཡོད།
རེ་ཅོ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་པ་ཚེ་རིང་གིས། “རྟེན་གཞིས་གྲང་ངར་དང་ཐན་པ་འཁྱོག་ཐུབ་ལ་འཕྲོད་ཤུགས་ཆེ་བའི་ས་གནས་དེ་གའི་སྡོང་ཕྲུག་འདེབས་གསོ་བྱས་པ་ལས་ས་ཆ་གཞན་གྱི་སྡོང་ཕྲུག་ནང་འདྲེན་གྱི་མ་གནས་མཐོ་བ་དང་གསོན་ཚད་དམའ་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ས་ཁུལ་དེ་ཡོངས་ཀྱི་ནགས་བཟོ་དང་སྡོང་ཕྲུག་སྤྱོད་པའི་དགོས་མཁོ་འགན་ལེན་ཐུབ་ལ། མང་ཚོགས་ཐག་ཉེ་སར་ལས་ཀ་བྱེད་པའི་ལས་སྟེགས་ཀྱང་བསྐྲུན་ནས་ཚང་མས་སྐྱེ་ཁམས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པ་བྱུང་ཡོད།
འདི་ལོ་རེ་ཅོ་གྲོང་ཚོས་ཤིན་ཅང་གི་ཧོ་ཨན་རྫོང་དང་ས་ཁོངས་སྒྲོལ་བའི་སྡོང་ཕྲུག་ཉོ་ཚོང་གི་མཉམ་ལས་བྱས་ནས་མཚོ་ངང་ལྷ་རིང་མོའི་རྒྱ་ལྕང་སྤུས་ལེགས་3000ཡི་བྲིན་ཚོང་གན་རྒྱ་བཞག་པས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་60ཟིན་རྒྱུ་རེད། “ད་ཐེངས་མཉམ་ལས་ཀྱིས་མངའ་རིས་ཀྱི་སྡོང་ཕྲུག་ཕྱིར་ཚོང་ཐབས་ལམ་བཏོད་དེ་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་དང་ས་ཁོངས་མཉམ་ལས་བྱ་བར་ཉམས་མྱོང་བསགས་ཡོད”ཅེས་བསྟན་པ་ཚེ་རིང་གིས་བཤད།
རེ་ཅོ་གྲོང་ཚོའི་སྡོང་ཕྲུག་རྟེན་གཞི་དཔེ་མཚོན་དུ་བྱས་ཏེ་མངའ་རིས་ས་ཁུལ་གྱིས་སྡོང་ཕྲུག་ཐོན་ལས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་ཐོག སྲིད་ཇུས་དང་། མ་དངུལ། ལག་རྩལ་བཅས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་དང་། ས་གནས་དེ་གའི་སྡོང་ཕྲུག་གསོ་བའི་ལག་རྩལ་གྱི་ཆུ་ཚད་མཐོ་རུ། སྡོང་ཕྲུག་གསོ་བའི་གཞི་ཁྱོན་ཆེ་རུ་བཅས་བཏང་ནས་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། མངའ་རིས་ས་ཁུལ་དུ་ཁྱོན་སྡོང་ཕྲུག་རྟེན་གཞི་128ཡོད་པ་དང་། གཞི་ཁྱོན་མུའུ་ཁྲི་2.3ཙམ་ཟིན་པ། 2025ལོ་ཁོ་ནར་སྡོང་ཕྲུག་བཙོངས་པར་ཡོང་འབབ་སྒོར་ཁྲི་1699.12བྱུང་ཡོད། འཆར་འགོད་གཞིར་བཟུང་། 2027ལོར་སླེབས་སྐབས། མངའ་རིས་ཀྱིས་ཚད་ལྡན་ཅན་གྱི་སྡོང་ཕྲུག་རྟེན་གཞི་2ནས་4གསར་དུ་བསྐྲུན་ནས་སྡོང་ཕྲུག་འདེབས་ཁྱོན་མུའུ་1600མང་དུ་གཏོང་རྒྱུ་རེད།
ཐང་སྟོང་ནས་སྔོ་ལྗང་མུ་ཁྱུད་བར་དང་། སྔོ་ལྗང་སྲུང་སྐྱོང་ནས་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་བར། མངའ་རིས་བ་མི་རབས་མང་པོས་འབད་འཐབ་ལྷོད་མེད་བྱས་ནས་རང་ཉིད་ཀྱི་རྔུལ་ཆུ་དང་མཐའ་འཁྱོངས་ལ་བརྟེན་ཏེ། འཛམ་གླིང་ཡང་རྩེར་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གཉིས་ཕན་གྱི་གསོན་ཉམས་དོད་པའི་ལེའུ་བརྩམས་ནས་སྔོ་ལྗང་དེ་ཉིད་མངའ་རིས་ས་མཐོའི་སེམས་འགུལ་ཐེབས་ཆེ་ཤོས་དང་བཀྲག་མདངས་འཚེར་ཤོས་སུ་འགྱུར་བར་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།