དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་འཇལ་ཡོང་འབབ་5.3%འཕར་བ།

    གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་13ཡན་རྒྱུན་འཁྱོངས་ཐུབ་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-18

    གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་འཇལ་ཡོང་འབབ་སྒོར་དུང་ཕྱུར་5981ཟིན་ནས་དུས་མཚུངས་ལས་5.3%འཕར་ཡོད། 2026ལོའི་ཁྱབ་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་སྡུད་འགན་ཞུགས་ཀྱི་གྲོན་འཇལ་ལས་དོན་སྤྱིར་ན་མཇུག་འགྲིལ་ནས་གྲོན་འཇལ་ཡོང་འབབ་སྒོར་དུང་ཕྱུར་3504ཟིན་ཡོད་པ་རེད།

    ཁྲལ་དོན་གྱི་གྲངས་གཞི་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོར། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་འཇལ་ལས་བཟོ་མི་གྲངས་དུང་ཕྱུར་2.6ཟིན་ནས་དུས་མཚུངས་ལས་1.8%འཕར་བ་དང་། དེའི་ཁར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་དང་རྒན་ཡོལ་ཞུ་མཁན་སོགས་བསྡོམས་ན། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་13ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ལྷོ་ནུབ་ནོར་དཔལ་སློབ་ཆེན་ཀྲུང་གོ་དངུལ་རྩ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཐང་ཅི་ཆང་གིས། རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ལས་ཞུགས་སྤྱིར་ན་བརྟན་པོ་ཡོད་པས། གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་གཏིང་ཟབ་ཡོང་བར་རྨང་གཞིའི་འདེགས་སྐྱོར་ཐུབ་ཡོད། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ཐད་ནོར་སྲིད་ཀྱི་ཁ་གསབ་ཀྱིས་ཐེབས་རྩའི་ཡོང་འབབ་ཀྱི་བཟུང་ཚད་60%ཡན་ཡུན་རིང་བརྟན་པོ་བྱུང་བ་དེ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་གི་ཡོང་ཁུངས་གཙོ་བོ་རེད། རྒྱལ་ཁབ་ནོར་སྲིད་ཀྱི་ཁ་གསབ་རྒྱུན་མཐུད་སྤྲད་པ་དེས་མང་ཚོགས་འགན་བཅོལ་ནང་ཞུགས་པའི་གྲོན་འཇལ་གྱི་ཁུར་པོ་ཡང་དུ་ནུས་ལྡན་སོང་ཡོད་ལ། སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ཀྱང་ནུས་ལྡན་ཐུབ་ནས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་གྲུབ་འབྲས་སྲ་བརྟན་ཡོང་བར་འགན་ལེན་བརྟན་པོ་བྱས་ཡོད་ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲལ་དོན་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་སོགས་སྡེ་ཚན་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་འཇལ“དྲ་ཐོག་ནས་གཉེར་བ”དང“སྦར་མཐིལ་ནས་སྒྲུབ་པ”མངོན་འགྱུར་བྱུང་བ་དང་དྲ་ཐོག་ནས་ལས་སྒོ་སྒྲུབ་གཉེར་བྱེད་པའི་བསྡུར་གྲངས་ཀྱི་བཟུང་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ་མ་ཟད། དམངས་ཕན་ཐོགས་མེད་ཐབས་ལམ་5000ལྷག་ཙམ་བཏོན་ནས་རྒན་རྒོན་སོགས་དམིགས་བསལ་གྲོན་འཇལ་ཚོགས་སྤྱིར་ཆེད་མངགས་ཞབས་འདེགས་ཞུས་ནས་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་གྱི་གྲོན་འཇལ་སྟབས་བདེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།