སྨི་ལན་ཇུས་འགོད་གཟའ་འཁོར་བྱེད་སྒོས་ཀྲུང་གོའི་ཇུས་འགོད་གསར་གཏོད་ཀྱི་གསོན་ཤུགས་ལ་བདེན་དཔང་བྱས་པ།
ཉེ་ཆར། 2026ལོའི་སྨི་ལན་ཇུས་འགོད་གཟའ་འཁོར་གྱི་བྱེད་སྒོ་དབྱི་ཐ་ལིའི་གྲོང་ཁྱེར་སྨི་ལན་དུ་གཉེར་ཞིང་། ཀྲུང་གོའི་ཇུས་འགོད་པ་དང་སྒྲིག་གཞིས་དར་བཟོ་ཅན་གྱི་གྲོང་ཁྱེར་དེའི་ཕྱོགས་གང་སར་བརྩམས་ཆོས་འགྲེམས་སྟོན་བྱས་པ་དེ་གོ་ལ་ཧྲིལ་པོའི་ཁང་ནང་མཛེས་རྒྱན་དང་ཇུས་འགོད་ལས་རིགས་ཀྱི་འདུ་ཚོགས་གཟབ་རྒྱས་འདིའི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།
སྨི་ལན་ཀྲུང་གོ་བའི་ཁྲོམ་གཞུང་གནས་སའི་སའར་ཕེ་ཇུས་འགོད་ཁྲོམ་གཞུང་ནི་སྨི་ལན་ཇུས་འགོད་གཟའ་འཁོར་བྱེད་སྒོའི་ཚོགས་ར་གཙོ་བོའི་གྲས་ཤིག་ཡིན་ཞིང་། དེ་གར་ཀྲུང་གོའི་གཞི་རྒྱུ་འདྲེས་པའི་སྒྲིག་ཆས་སྒྱུ་རྩལ་དང་རིང་ཚད་ལ་སྨི་བརྒྱ་ཟིན་པའི“ཤེས་དཔལ་ཟམ་པའི”ཚོན་རིས་རིང་པོ་སོགས་འགྲེམས་སྟོན་བྱས་ཏེ། ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་སྤེལ་རེས་ཀྱི་དུས་ཡུན་རིང་པོའི་ལོ་རྒྱུས་མངོན་པར་བྱས་ཡོད། སྨི་ལན་ལུང་ཅ་རྒྱ་ཡིག་སློབ་གྲྭའི་ནང་། རྒྱ་ཡིག་གསར་གཏོད་ཇུས་འགོད་འགྲེམས་སྟོན་ཐོག་སྙོམས་ངོས་མཐོང་ཚོར་སྒྱུ་རྩལ་དང་། ཡིག་གཟུགས་བརྩམས་ཆོས། བརྙན་ལམ་བརྙན་པར་སོགས་ཀྱི་རྣམ་པ་བརྒྱུད་རྒྱ་ཡིག་གི་ལོ་རྒྱུས་འཕེལ་རིམ་དང་དེའི་རྒྱབ་ཏུ་འདུས་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་བརྗོད་ཡོད་པ་རེད།
སྨི་ལན་ཧྥེ་སྨི་སྒེར་བཙུགས་སློབ་འབྲིང་གི་སློབ་མ་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱ་ཡུལ་དུ་ཡོང་ཞིང་། ཁོང་ཚོས་རུས་བརྐོས་ཡི་གེ་དང་པར་རིས་དབར་གྱི་འབྲེལ་བ་ཟབ་མོར་ཧ་ཅང་དགའ་པོ་བྱེད་བཞིན་སྐབས་སྐབས་སུ་དྲི་བ་འདྲི་གི་ཡོད། སློབ་གྲྭ་དེའི་སློབ་སྤྱི་ཀྲུའུ་སའེ་ཕེ·ཏ་ལི་ཀེ་ཡིས། རྒྱ་ཡིག་ནི་ང་ཚོའི་སློབ་གྲྭའི་སློབ་གསོའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། མིག་སྔར་སློབ་གྲྭས་མཐོ་འབྲིང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་ཚང་མར་རྒྱ་ཡིག་སློབ་ཚན་འཁྲིད་ཀྱི་ཡོད། འབྱུང་འགྱུར་ད་དུང་ཐའེ་ཅི་སློབ་ཚན་དང་ཀྲུང་གོར་སྐྱོད་པའི་དབྱར་སྒར་རྣམ་གྲངས་བཀོད་སྒྲིག་བྱས་ནས། སློབ་མ་ཚོར་ཀྲུང་གོ་དང་ཀྲུང་གོའི་རིག་གནས་སྔར་བས་ཤེས་རྟོགས་བྱེད་རོགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
ཀྲུང་གོ་དང་དབྱི་ཐ་ལིའི་མཉམ་འབྲེལ་འགྲེམས་ཁང་གིས“རིག་གནས་གསར་གཏོད་དང་ཀྲུང་གོའི་མཚོན་ཚུལ”བརྗོད་དོན་གཙོ་བོར་བྱས་ཤིང་། འགྲེམས་ཁང་གི་འཛུལ་སྒོར་བཀལ་བའི་བསླས་འཐག་ལྡེབས་རིས་ཆེན་པོའི་བཟོ་དབྱིབས་ཧ་ཅང་མཛེས་པ་དང་། དེའི་གཞོགས་སུ་འགྲེམས་སྟོན་བྱས་པའི་རྒྱན་གོས་སྣ་ཚོགས་གསོན་ཉམས་རབ་ཏུ་དོད། ཀྲུང་གོའི་ཇུས་འགོད་པ་ཧྲེན་ཝེ་ལན་གྱིས། ཀྲུང་གོའི་སྲོལ་རྒྱུན་སྨྱུག་བསླས་དང་ཤོག་དྲས་འདྲ་གཟུགས་དང་དབྱི་ཐ་ལིའི་སྒྲིབ་རིས་སོགས་ཀྱི་སྲོལ་རྒྱུན་བཟོ་རྩལ་ལས་ང་ལ་ཇུས་འགོད་ཀྱི་བློ་སྐྱེད་ཆེན་པོ་བྱུང་། “མེས་པོས་བཞག་པའི་སྒྱུ་རྩལ་ཤུལ་བཞག་ནི་མཚོན་རྟགས་རྙིང་པ་ཞིག་མིན་པར་ཁྲག་རྒྱུན་ནང་བཞུར་བཞིན་པའི་ཇུས་འགོད་ཀྱི་སྐད་བརྡ་རེད། ང་ཚོས་གནའ་བོའི་བཟོ་རྩལ་དང་རྒྱུ་ཆ་དེ་དག་ལ་གསོན་ཤུགས་འཕེལ་བར་བྱས་ནས་ལོ་ངོ་སྟོང་ཕྲག་རིང་གི་མཛེས་རིག་དེ་ལག་པས་རེག་ཐུབ་པའི་དེང་རབས་ཀྱི་འཚོ་བ་དང་མཉམ་འདྲེས་ཐུབ་པ་བྱེད་ཀྱི་ཡིན”ཞེས་གསར་འགོད་པར་བརྗོད་པ་རེད།
འགྲེམས་སྟོན་ལ་ཞུགས་མཁན་ཧན་གོའི་སྒྱུ་རྩལ་མཁས་ཅན་དང་ཧྲོའུ་ཨེར་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མེན་ཧྥུའུ་ཅི་ཡིས་དེང་རབས་ལྕགས་རིགས་བཟོ་རྩལ་སྤྱད་དེ་ལེང་ཀྲུའུ་གཡུ་ཆས་ཀྱི་མ་དབྱིབས་མངོན་པར་བྱས་ཤིང་། ཁོང་གིས། ལེང་ཀྲུའུ་རིག་གནས་ཀྱི་ལོ་རྒྱུས་དང་མཛེས་རིག་གི་རིན་ཐང་ལ་དཔྱད་བསྡུར་བྱེད་པ་ནི་རྩ་ཆེའི་ཤུལ་བཞག་དེ་སླར་ཡང་ཤེས་རྟོགས་བྱེད་པ་ཞིག་ཡིན། “ལེང་ཀྲུའུ་རིག་གནས་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་འབྱུང་རྩ་གལ་ཆེན་ཞིག་ཡིན་པའི་ངོས་ནས་དེའི་ནང་འདུས་པའི་གདོད་མའི་མཛེས་དཔྱོད་དང་དངོས་སྐྲུན་བློ་གྲོས་ལ་དེང་སྐབས་སྔར་བཞིན་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་པ་མ་ཟད། དེས་ཀྱང་ང་ཚོར་འབྱུང་འགྱུར་གྱི་ཇུས་འགོད་འཚོལ་ཞིབ་བྱེད་པར་མེད་དུ་མི་རུང་བའི་ཚེ་སྲོག་གི་སྒུལ་ནུས་ཤིག་མཁོ་འདོན་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།