དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཐན་ཙན་ནི་ཡའི་ཞིང་པ་དེ་བས་མང་བར་ཀྲུང་གོའི་ཞིང་ལས་ལག་རྩལ་སློབ་ཀྱི་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཏའེ་ཁའེ་རན།   |     སྤེལ་དུས།  2026-05-18

    ཐན་ཙན་ནི་ཡའི་མོ་ལུའོ་ཀེ་ལུའོ་ཞིང་ཆེན་དུ་ཞིང་ལས་ཁྱབ་གདལ་པ་ཝུའེ་ལུའོ་ཉི་ཁ·ལུའུ་ཅ་ནུའོ་ཡིས་བཟོས་མ་ཐག་པའི་སྲན་ཁུ་འགྱིག་དམ་ཁ་ཤས་བཏོན་པ་དང་མི་མང་པོ་མཐའ་བསྐོར་ནས་སྲན་ཁུའི་བྲོ་བ་མྱོང་བཞིན་ཡོད། “བྲོ་བ་ཞིམ་པོ་འདུག” “འཐུང་དུས་སྲན་མའི་དྲི་ཞིམ་འཐུལ་གྱི་འདུག” “འདི་ཇི་ལྟར་བཟོས་པ་ཡིན” “ངས་རང་ཁྱིམ་དུའང་བཟོ་ཐུབ་བམ”ལ་སོགས་སྐད་ཆ་འདྲི་སྐབས། ལུའུ་ཅ་ནུའོ་ཡིས་ངང་རྒྱུད་རིང་པོས“ངས་ཀྲུང་གོའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ནས་སྦྱངས་པ་ཡིན། སྲན་ཁུ་བཟོ་བར་ལག་ཆ་འདྲ་མིན་སྣ་ཚོགས་མི་དགོས་པར་རང་ཁྱིམ་དུའང་བྲོ་བ་ཞིམ་པའི་སྲན་ཁུ་འདི་འདྲ་བཟོ་ཐུབ”ཅེས་ལན་བཏབ།

    ལུའུ་ཅ་ནུའོ་ཡིས་བརྗོད་པའི“ཀྲུང་གོའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ”ཞེས་པ་ནི་ཀྲུང་གོ་ཚོང་དོན་པུས་གཙོ་གཉེར་བྱས་པ་དང་ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་གཉེར་འགན་འཁུར་བའི“ལག་རྩལ་ཆུང་ཡང་ཐོན་འབབ་ཆེ་བའི”ཐན་ཙན་ནི་ཡའི་ཕྱོགས་བསྡུས་ཞིང་ལས་ལག་རྩལ་གྱི་ཕྱི་རྒྱལ་གྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཡིན་ཞིང་། དུས་ཡུན་ཉིན་17གྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་ནང་ལུའུ་ཅ་ནུའོ་ཚུད་པའི་མོ་ལུའོ་ཀེ་ལུའོ་ཞིང་ཆེན་གྱི་ཆུས་དང་རྫོང་10ནས་ཡོང་པའི་ཞིང་ལས་ལག་རྩལ་ཁྱབ་གདལ་པ་དང་ཞིང་ལས་ལག་རྩལ་དཔོན་རིགས་30ཡིས་མུའུ་ཙུའུ་པི་སློབ་ཆེན་དུ་ལོ་ཏོག་འདེབས་འཛུགས་དང་། ཞིང་ལས་འཕྲུལ་ཆས་ཀྱི་རྩ་བའི་རིག་པ། བཟའ་བཅའ་ལས་སྣོན། དྲ་ཚོང་བཅས་དང་དེ་བཞིན་མཉམ་ལས་ཁང་གཉེར་སྐྱོང་སོགས་ཁྱབ་ཁོངས་མི་འདྲ་བའི་སློབ་ཚན་སློབ་སྦྱོང་བྱས་ཤིང་། སློབ་མ་ཚོས་ད་དུང་ཞིང་ལས་འཕྲུལ་ཆས་བེད་སྤྱོད་དང་དེ་བཞིན་སྲན་ཁུ་དང་སྲན་ཕྱུར་བཟོ་བ་སོགས་ཀྱི་ལག་རྩལ་སློབ་སྦྱོང་བྱས་པ་རེད།

    ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་འགན་འཁུར་བ་དང་ཀྲུང་གོ་ཞིང་ལས་སློབ་ཆེན་རྒྱལ་སྤྱིའི་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་ཞིང་ལས་སློབ་གླིང་གི་ལག་བསྟར་ཡོན་ཀྲང་ཝུའུ་ཅིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2011ལོ་ནས་བཟུང་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་ཞའོ་ཡུན་གྱིས་སྣེ་ཁྲིད་པའི་ཚན་ཞིབ་དཔུང་ཁག་གིས་མོ་ལུའོ་ཀེ་ལུའོ་ཞིང་ཆེན་དུ་མ་རྨོས་ལོ་ཏོག་སྟུག་འདེབས་ཐོན་འཕར་ལག་རྩལ་ལྟེ་བར་བྱས་པའི“ལག་རྩལ་ཆུང་ཡང་ཐོན་འབབ་ཆེ་བའི”རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་རེད། 2021ལོར“ལག་རྩལ་ཆུང་ཡང་ཐོན་འབབ་ཆེ་བའི”རྣམ་གྲངས་དེ“སྲན་མ་ཆུང་ཡང་འཚོ་བཅུད་ཆེ་བའི”རྣམ་གྲངས་སུ་རིམ་སྤོར་བྱས་ནས། ཀྲུང་གོ་ཞིང་ལས་སློབ་ཆེན་དཔུང་ཁག་གིས་མ་རྨོས་ལོ་ཏོག་དང་སྲན་ཆེན་སྤེལ་འདེབས་དང་སྲན་མའི་ཐོན་རྫས་ལས་སྣོན་སོགས་ཀྱི་ལག་རྩལ་ཁྱབ་གདལ་གཏོང་འགོ་ཚུགས་པ་རེད། ལི་ཞའོ་ཡུན་གྱིས“ཀྲུང་གོར་མ་རྨོས་ལོ་ཏོག་དང་སྲན་ཆེན་སྤེལ་འདེབས་ཀྱི་བེད་སྤྱོད་ཉམས་མྱོང་ཡག་པོ་ཡོད་ལ་ཐན་ཙན་ནི་ཡས་མ་རྨོས་ལོ་ཏོག་འབྲུ་རིགས་གཙོ་བོར་བྱེད་པའི་དངོས་ཡོད་གནས་ཚུལ་དང་ཡང་མཐུན་གྱི་ཡོད། སྲན་རིགས་ཀྱི་ལོ་ཏོག་བཏབ་ན་ས་བཅུད་ལེགས་སུ་འགྲོ་བ་དང་མ་རྨོས་ལོ་ཏོག་གི་འབབ་འཕར་ལའང་རམ་འདེགས་ཐུབ་ཀྱི་ཡོད། སྲན་ཆེན་གྱི་ཁུ་བ་བཟོས་ཚེ་སྤྲི་དཀར་སོགས་ཀྱི་འཚོ་བཅུད་ཁ་གསབ་ཐུབ་ནས་ཞིང་པའི་འཚོ་བཅུད་དང་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་ཐུབ”ཅེས་བརྗོད།

    སྲན་ཆེན་ནུས་ཆེའི་འདེབས་གསོ་དང་། རིག་ལྡན་ཞིང་ལས་དང་རིག་ནུས་ཞིང་འཕྲུལ། གྲོང་གསེབ་ཀྱི་དྲ་ཚོང་གཉེར་སྐྱོང་རྩལ་ནུས་སོགས“ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་སོན་འདེམས་དང་འདེབས་འཛུགས་ནས་ལས་སྣོན་དང་ཕྱིར་ཚོང་བར་གྱི་ཞིང་ལས་ཐོན་སྐྱེད་ཀྱི་འཁོར་འབྲེལ་ཧྲིལ་པོ་དང་འབྲེལ་བ་ཡོད་པའི་སློབ་ཚན་ཁྲིད་པ་དེ་དག་ས་གནས་དེ་གའི་དངོས་ཡོད་དགོས་མཁོ་དང་མཐུན་ཡོད”ཅེས་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཞུས་ཅིན་གྱིས་ངོ་སྤྲོད་བྱས་པ་རེད། ད་ཐེངས་ཀྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་འཆད་ཁྲིད་པ་གཙོ་བོའི་གྲས་ཤིག་ཡིན་པའི་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ལི་ལིས“མ་གནས་དམའ་བ་དང་འདྲ་བཟོ་བྱེད་སླ་བའི་ཀྲུང་གོའི་ཞིང་ལས་ཀྱི‘ལག་རྩལ་ཆུང་གྲས’ལ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཚོས་དགའ་པོ་བྱེད་ཅིང་། ཁོང་ཚོས་ལག་རྩལ་དེ་དག་སྦྱངས་ཏེ་འབབ་འཕར་ཐོན་འཕར་ཡོང་རེ་བྱེད་ཀྱི་ཡོད”ཅེས་བརྗོད།

    མོ་ལུའོ་ཀེ་ལུའོ་ཞིང་ཆེན་གྱི་སྲིད་འཛིན་དྲུང་ཡིག་མུའུ་སས“སློབ་ཁང་དུ་སློབ་སྦྱོང་དང་ཞིང་ནང་དུ་ཉམས་ལེན་བྱེད་པ་བརྒྱུད་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭས་ཐན་ཙན་ནི་ཡའི་ཞིང་པ་དེ་བས་མང་བར་ཀྲུང་གོའི་ཞིང་ལས་ལག་རྩལ་བསླབས་ཏེ་ཐན་ཙན་ནི་ཡའི་ཞིང་ལས་དེང་རབས་ཅན་གྱི་ཕྱོགས་སྒྱུར་ལ་རམ་འདེགས་ཏན་ཏིག་བྱ་རྒྱུ་ཡིན”ཞེས་བརྗོད་པ་དང་ཁོང་གིས་ཀྲུང་གོ་ཕྱོགས་དང་ཞིང་ལས་ལག་རྩལ་གསོ་སྦྱོང་དང་ཤེས་ལྡན་པ་གསོ་སྦྱོང་སོགས་ཐད་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐན་ཙན་ནི་ཡའི་ཞིང་ལས་དང་གྲོང་གསེབ་དེ་བས་མྱུར་ལ་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།