དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཚོ་སྔོན་པོའི་སྐྱེ་ཁམས་བདག་སྐྱོང་བ་ཝང་ཡན་མིང་།

    མཚོ་འགྲམ་འདབ་ཆགས་ཀྱི་གྲོགས་པོ་བློས་ཐུབ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅང་མེང་།   |     སྤེལ་དུས།  2026-05-18

    འདི་ནི་ཝང་ཡན་མིང་གིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཚོ་སྔོན་པོའི་འགྲམ་དུ་བྱ་རིགས་ལ་ལྟ་དཔྱད་བྱེད་བཞིན་པ།

    ཉིན་གུང་གི་མཚམས་སུ། མཚོ་སྔོན་པོའི་བྱང་ངོགས་ཀྱི་ཝ་མགྱོགས་འདམ་རར“ལུས་སྐྱ་མདོག་དང་མགོ་དམར་པོ་ཡིན་པའི་འདབ་ཆགས་ཀྱི་རིགས་ཤིག་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་རེད”ཅེས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཚོ་སྔོན་པོའི་སྐྱེ་ཁམས་བདག་སྐྱོང་བ་ཝང་ཡན་མིང་གིས་བརྗོད་ཅིང་། ཁོང་གིས་རྒྱང་ཤེལ་ནས་སྨི་བདུན་བརྒྱ་བརྒྱད་བརྒྱའི་སར་ཡོད་པའི་འདབ་ཆགས་རྣམས་ལ་ལྟ་བཞིན་མཆིས། རླངས་འཁོར་ནང་ལོག་རྗེས། ཝང་ཡན་མིང་གིས་ལམ་རྒྱགས་བཏོན་ནས“མཚོ་ལ་སྐོར་གཡེང་ཐེངས་གཅིག་རྒྱག་པར་ཉིན་5འགོར་གྱི་ཡོད། དགུང་ཟས་སྟབས་བདེ་ཞིག་ཟ་གི་ཡིན”ཞེས་བརྗོད།

    ད་ལོ་ནི་ཝང་ཡན་མིང་མཚོ་སྔོན་པོའི་འགྲམ་དུ་ལས་ཀ་བྱས་པའི་ལོ་ཉེར་གསུམ་པ་དེ་རེད། 2004ལོར་ཝང་ཡན་མིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཚོ་སྔོན་པོའི་ལས་སྒྲུབ་ཁུལ་དུ་ཁ་ལོ་བའི་ལས་ཀ་རག ཁོང་གིས“སྐབས་དེ་དུས་བྱ་རིགས་དང་འབྲེལ་འདྲིས་ཡུན་རིང་འདི་འདྲ་བྱེད་དགོས་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་བརྗོད།

    རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཚོ་སྔོན་པོའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་5560ཡོད་པ་དང་། དེའི་ཁྱབ་ཁོངས་སུ་མཚོ་སྔོན་པོའི་ཆུ་ཁོངས་དང་། བྱ་རིགས་སྐྱེ་འཕེལ་ཁུལ། བྱ་རིགས་འཚོ་སྡོད་བྱེད་སའི་གླིང་ཕྲན། དེ་བཞིན་གྲམ་ཐང་དང་མཚོ་ངོགས་ཀྱི་འདམ་ར་བཅས་ཚུད་ཡོད། སྐམ་སའི་རྩི་ཤིང་དང་ཆུའི་སྐྱེ་དངོས་འབོར་ཆེན་ཞིག་བྱ་རིགས་ཀྱི་ཟས་སུ་གྱུར་ནས་མཚོ་སྔོན་པོའི་བྱ་གླིང་ནི་བྱ་རིགས་འཚོ་སྡོད་དང་སྐྱེ་འཕེལ་བྱེད་སའི་ཞིང་ཁམས་སུ་གྱུར་ཡོད།

    ཆུང་དུས་ནས་བྱ་རིགས་ལ་དགའ་བའི་ཝང་ཡན་མིང་སྲུང་སྐྱོང་ཁུལ་དུ་སླེབས་རྗེས། རིམ་བཞིན་ལས་ཀ་དེར་དགའ་ཞེན་ཇེ་ཆེར་སོང་། 2005ལོར་རིགས་གཅིག་མཁས་ཅན་འགའ་མཚོ་སྔོན་པོར་ཡོང་ནས་ལོ་གསུམ་གྱི་རིང་ཁྲུང་ཁྲུང་མགོ་ཁྲའི་ལུས་ཐོག་ཏུ་དུས་བྱ་གནས་སྤོའི་ཆོས་ཉིད་བརྟག་པའི་གདུབ་རྟགས་འདོགས་པའི་ལས་དོན་སྤེལ་བ་རེད། དེ་ལྟར་ཡུན་རིང་སོང་རྗེས་ཝང་ཡན་མིང་དང་རིགས་གཅིག་མཁས་ཅན་དབར་འབྲེལ་འདྲིས་ཟབ་མོ་བྱུང་ཞིང་། ཁོང་གིས“ངས་ཁོ་ཚོ་སྐྱེལ་བསུ་བྱེད་པའི་འགན་ཁུར་བ་དང་། ཁོང་ཚོས་ང་ལ་བྱ་རིགས་ངོས་འཛིན་བྱེད་སྟངས་བསླབས་བྱུང”ཞེས་བརྗོད།

    ཝང་ཡན་མིང་གིས་མཚོ་སྔོན་པོར་སླེབས་མ་ཐག་པའི་རྣམ་པ་ད་དུང་ཡང་གསལ་པོར་ངེས་ཀྱི་ཡོད་པ་སྟེ། “སྐབས་དེ་དུས་དཔྱིད་ཀ་ཤར་ནས་ལྷགས་པ་ཆེན་པོ་རྒྱག་པ་དང་། གང་སར་རླུང་འཚུབ་ལྡང་གི་ཡོད་སྟབས། རྟག་ཏུ་ཉལ་ཁང་གི་བྱེ་མ་འཕྱག་དགོས་ཀྱི་ཡོད” ལོ་དེ་དག་རིང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ཆུ་བྱའི་ཁྱུ་ཚོགས་ཀྱི་གྲངས་འབོར་ཁྲི་60.6ལྷག་ཙམ་ཟིན་པ་དང་། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཏུན་ཁྲི་13.3བར་སླར་གསོ་ཐུབ་པ། ཆུའི་ཁོར་ཡུག་གི་དམིགས་ཚད་གལ་ཆེན་རྒྱུན་འཁྱོངས་བརྟན་པོ་ཐུབ་པ། འདམ་རའི་རྒྱ་ཁྱོན་ཆེ་རུ་རྒྱུན་མཐུད་ཕྱིན་པ། སྔོ་ཁེབས་ཁྱབ་ཚད་ཆེ་རུ་རྒྱུན་མཐུད་ཕྱིན་པ་བཅས་རེད།

    གཞེས་ནིང་ལོར། ཝང་ཡན་མིང་གིས་ཝ་མགྱོགས་འདམ་ར་ནས་ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་མཐོང་བ་རེད། ཝང་ཡན་མིང་གིས“ཤར་ཕྱོགས་ཀྱི་ཁྲུང་ཁྲུང་དཀར་མོ་ནི་འཚོ་སྡོད་ཁོར་ཡུག་ལ་རེ་བ་མཐོ་པོ་ཡོད་མཁན་ཞིག་སྟེ། ཟས་སྣ་ཕུན་སུམ་ཚོགས་ཤིང་ཆུ་འབེལ་བའི་སྐྱེ་ཁམས་ཁོར་ཡུག་བཟང་པོའི་འདམ་རར་གཞི་ནས་འཚོ་སྡོད་བྱེད་ཀྱི་ཡོད། སྲོག་ཆགས་དེ་སླེབས་པ་ལས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་མཚོན་གྱི་ཡོད”ཅེས་བརྗོད།

    ལེགས་སུ་ཕྱིན་པ་ནི་ཁོར་ཡུག་ཙམ་མིན་པར་ད་དུང་འབྲོག་པའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དེ་རེད། ཝང་ཡན་མིང་གིས“དེ་སྔ་རི་སྐྱེས་སྲོག་ཆགས་དང་ནོར་ལུག་དབར་གཟན་རྩྭའི་ཐད་རྩོད་པ་ཤོར་ན། འབྲོག་པ་ཁག་གཅིག་གིས་རང་གི་ནོར་ལུག་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ད་ཆ་འབྲོག་པའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཧ་ཅང་ཟབ་མོ་ཡོད། དགུན་རྩྭ་མི་འདང་བའི་སྐབས་འབྲོག་པ་ཚོས་ཚན་རིག་དང་མཐུན་པ་དང་ཁྲིམས་མཐུན་གྱི་ཁྱབ་ཁོངས་སུ་རང་ཁྱིམ་གྱི་ནོར་ལུག་གི་གཟན་ཆག་རི་སྐྱེས་སྲོག་ཆགས་ལ་སྟེར་བ་མ་ཟད། ད་དུང་ཁོ་ཚོར་ཆུ་སྟེར་བ་སོགས་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    སྐོར་སྲུང་བྱེད་ཞོར་དུ་ཝང་ཡན་མིང་དང་ལས་རོགས་ཚོས་ད་དུང་སྲུང་སྐྱོང་ལག་དེབ་དང་བྱ་རིགས་ཀྱི་རི་མོའི་དཔེ་རིས་ཁྱེར་ནས་ཚན་རིག་རྒྱུན་ཤེས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཀྱི་ཡོད། ཁོང་གིས“ང་ཚོས་འབྲོག་པར་རྩ་ཆེའི་སྲོག་ཆགས་ངོས་འཛིན་བྱེད་དུ་འཇུག་གི་ཡོད། འབྲོག་པས་རི་སྐྱེས་སྲོག་ཆགས་ལ་རྨས་སྐྱོན་ཕོག་པ་མཐོང་ཚེ་ལམ་སེང་ང་ཚོར་ཁ་པར་རྒྱག་གི་ཡོད། ད་ཆ་ཁོང་ཚོ་ཚང་མ་ང་ཚོའི‘མིག་ཟུང’དང‘རྣ་བ’ལྟ་བུར་གྱུར་ཡོད”ཅེས་བརྗོད།

    2025ལོར་ཝང་ཡན་མིང་མཚོ་སྔོན་ཞིང་ཆེན་གྱི“སྐྱེ་ཁམས་བདག་སྐྱོང་བ་ཡག་ཤོས”སུ་བདམས་པ་དང་། ཁོང་གིས“བྱ་དགའ་དེ་ནི་ང་རང་མི་སྒེར་ལ་སྤྲད་པ་ཞིག་མིན་པར་མཚོ་སྔོན་པོར་སྲུང་སྐྱོང་བྱེད་མཁན་ཚང་མར་སྤྲད་པ་ཞིག་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།