དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟླ་བ་དང་པོ་ནས་བཞི་པའི་བར་རང་ལྗོངས་ཀྱིས་ཤང་ཀང་ལ་བཏང་བའི་ཁྱད་ལྡན་ཐོན་རྫས་ཀྱི་ཟོག་ཐང་དུས་མཚུངས་ལས་ལྡབ་4.2འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-18

    ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། བོད་ཀྱིས་ཤང་ཀང་ལ་ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱས་པའི་ཟོག་ཐང་སྒོར་ཁྲི་447.74ཟིན་ནས་དུས་མཚུངས་ལས་ལྡབ་4.2འཕར་ཡོད། དེའི་ནང་ཉིང་ཁྲིའི་བོད་ཕག་གི་ཤ་དང་། རང་བྱུང་སྦྲང་རྩི། ལྷ་སའི་འབྲི་གཡག་གི་རུས་པའི་དཀར་ཡོལ་ཕྱིར་གཏོང་ཐེངས་དང་པོ་བྱེད་ཐུབ་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ས་མཐོ་ནས་ཤང་ཀང་ཁྲོམ་རར་བཏོན་ཡོད་པ་རེད།

    རི་ཀླུང་བརྒལ་བའི་ཕྱི་ཕྱོགས་ཚོང་དོན་གྱི་མངགས་ཐོ་དེ་དག་ནི་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རང་འགུལ་ངང་ལས་དོན་སྒྲུབ་པ་དང་གནད་སྨིན་ཞབས་འདེགས་ཞུས་པ་དང་ཁ་འབྲལ་ཐབས་མེད་ཅིང་། འགག་སྒོ་ལས་ཁུངས་ཀྱིས་ཁེ་ལས་གཉེར་སྐྱོང་གི་དོན་དངོས་དང་ཁྱད་ལྡན་ཐོན་རྫས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས“ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”དང“ཐོན་རྫས་གཅིག་ལ་ཐབས་ཇུས་གཅིག”གི་ལམ་སྲོལ་ཅན་གྱི་ལྟ་འདོམས་ཞབས་ཞུའི་ཇུས་གཞི་ཁྱབ་གདལ་བཏང་བ་སྟེ། གཏེར་ཆུའི“ཐེངས་གྲངས་ཞིབ་བཤེར(ནད་བཤེར)”བྱ་ཐབས་གསར་གཏོད་བྱས་ནས་ཞིབ་བཤེར་དང་ལག་ཁྱེར་སྤྲོད་པའི་དུས་ཚོད་70%ཙམ་ཐུང་དུ་བཏང་བ་དང་། སྦྲང་རྩིའི་ཐོན་རྫས་ཁེ་ལས་ལ་ཐོ་འགོད་སྙན་སེང་གི་ཐོགས་མེད་བགྲོད་ལམ་བཏོད་དེ་ཁེ་ལས་ལ་ལྗོངས་ཡོངས་ཀྱི་ཕྱིར་གཏོང་སྦྲང་རྩིའི་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆའི་གསོ་སྤེལ་ར་བའི་ཐོ་འགོད་འོས་ཐོབ་རག་པར་རམ་འདེགས་བྱས་པ། དབྱར་རྩྭ་དགུན་འབུ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཁྱད་ལྡན་ཐོན་རྫས་ལ་དམིགས་ནས་ཚོད་ལྟ་ཁང་དུ་སྔོན་ལ་ཞིབ་དཔྱད་ཚད་ལེན་དང་འཕྲལ་མར་ཞིབ་བཤེར་བྱེད་པའི་ཆེད་གཏོགས་བགྲོད་ལམ་བཏོད་ཡོད། དེ་དང་ཆབས་ཅིག་རིག་ནུས་པར་རིས་ཞིབ་བཤེར་དང་ཞིབ་བཤེར་ནད་བཤེར་ལག་ཁྱེར“དྲ་ཐོག་ནས་སྤྲོད་པ”སོགས་སྟབས་བདེ་ཅན་གྱི་བྱ་ཐབས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ཕྱིར་གཏོང་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་བསྲུངས་པ་མ་ཟད། ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ཐུབ་པའི་འགན་ལེན་ཡང་བྱས་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གྱི་ཡུལ་མི་ཚེ་རིང་ཚེ་དབང་ནི་བོད་ལྗོངས་ཧྲན་ཀྲེང་སྦྲང་རྩིའི་ཐོན་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ལས་མི་ཞིག་ཡིན་པ་དང་། ཁོང་གིས“ང་ཚོའི་རི་ཁུལ་གྱི་སྦྲང་རྩི་ཤང་ཀང་ལ་བཙོང་ཐུབ་པ་མ་ཟད། ད་དུང་དགའ་པོ་བྱེད་མཁན་མང་པོ་དེ་འདྲ་ཡོང་གི་རེད་བསམ་བསམ་མ་བྱུང་ད་ཆ་ཕྱིར་གླ་པ་རྒྱུག་པར་འགྲོ་མི་དགོས་པ་མ་ཟད། ད་དུང་ཆེད་ལས་མི་སྣ་དང་མཉམ་དུ་སྦྲང་རྩིའི་ཡོང་ཁུངས་དབྱེ་འབྱེད་དང་སྦྲང་མ་གསོ་བའི་ལག་རྩལ་སྦྱོང་ཐུབ་པས། ཁྱིམ་གྱི་སྒོ་འགྲམ་དུ་སྦྲང་རྩིའི་ཐོན་ལས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་གི་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཆེན་ལ་ལྟ་སྐབས། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར། བོད་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་སྤྱི་ཡོངས་ཀྱི་ཕྱིར་གཏོང་དངུལ་འབོར་སྒོར་ཁྲི་2548.82ཟིན་པ་དེ་དུས་མཚུངས་ལས་30.9%འཕར་ཡོད་པ་རེད།

    ལྷ་ས་འགག་སྒོ་ལས་ཁུངས་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་ཁྲུའུ་ཀྲང་གཞོན་པ་ཧྥ་ཏི་མཱ་ཡིས། ཉིང་ཁྲིའི་སྦྲང་རྩི་ནས་བོད་བྱང་ཐང་གི་དབྱར་རྩྭ་དགུན་འབུའི་བར་དང་། འཁྱགས་རོམ་གྱི་གཏེར་ཆུ་ནས་འབྲི་གཡག་གི་རུས་པའི་དཀར་ཡོལ་བར། བོད་ཀྱི་ཁྱད་ལྡན་ཐོན་རྫས་རི་ཀླུང་དང་རྒྱ་མཚོ་བརྒལ་ནས་ཤང་ཀང་གི་ཁྲོམ་རར་བཏོན་པ་དེ་ནི་བོད་དང་ཤང་ཀང་གི་དཔལ་འབྱོར་ཚོང་དོན་འབྲེལ་བ་ཟབ་ཏུ་ཕྱིན་པའི་མཚོན་ཚུལ་ཞིག་ཡིན་ལ། ས་གནས་གཉིས་པོའི་མཛའ་གྲོགས་མཚོན་པའི་འབྲེལ་ཐག་ཅིག་དེ་བས་ཀྱང་རེད། འབྱུང་འགྱུར་ཕྱོགས་གཉིས་པོའི་དབར་མཉམ་འགུལ་མང་དུ་ཕྱིན་པ་དང་ཆབས་ཅིག ས་མཐོའི་ཐོན་རྫས་ཡག་པོ་དེ་བས་མང་བ་ཤང་ཀང་བརྒྱུད་རྒྱལ་ཕྱིར་ཕྱིར་གཏོང་ཐུབ་པ་དང་། མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་སྟེ། ས་གནས་གཉིས་པོའི་མཉམ་ལས་དེ་བས་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།