དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “གསལ་ལ་མི་གསལ་གྱི་བཞུ་མར”ནས“ཁྲ་ཆིལ་ཆིལ་གྱི་གློག་སྒྲོན”བར།

    ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོའི་གློག་ཤུགས་འཕེལ་རྒྱས་ཀྱི་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-18

    བོད་ཀྱི་སྐར་ལྔའི་དར་དམར་ཐོག་མ་བསྒྲེང་སའི་གསར་བརྗེའི་གྲོང་ཚོ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོ་དེ་ཉིད། ལོ་ངོ་75རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་བརྒྱུད། སྔོན་ཆད་བཞུ་མར་གསལ་ལ་མི་གསལ་ལས་མེད་པའི་གྲོང་ཚོ་ཞིག་ནས་ད་ཆ་ཁྱིམ་ཚང་ཚང་མར་ཁྲ་ཆིལ་ཆིལ་གྱི་གློག་སྒྲོན་ཡོད་པའི་གྲོང་ཚོར་གྱུར་པ་དང་། དུས་འགོར་ཆུ་ཤུགས་གློག་ཁང་རྐྱང་པས་གློག་གཏོང་བ་ནས་ད་ཆ་རྒྱལ་ཁབ་གློག་དྲས་ཕྱོགས་ཡོངས་ནས་ཐ་སྐྱོང་འགན་སྲུང་བྱེད་པའི་བར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་རྒྱུན་ཆད་མེད་པའི་གློག་ཤུགས་བརྟན་པོར་བརྟེན་ཏེ། གྲོང་གསེབ་དར་རྒྱས་ཀྱི་ནུས་རྒྱུའི་རྨང་གཞི་བརྟན་དུ་བཏང་ནས་འོད་ཟེར་དང་རེ་བས་སྐམ་ཐོག་གྲོང་ཚོའི་དར་རྒྱས་འཕེལ་རྒྱས་ཀྱི་ལམ་བུར་འོད་སྣང་སྦྱིན་ཡོད།

    བོད་ལ་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་སུ། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ཞན་པའི་རྐྱེན་གྱིས་གློག་ཤུགས་ཐོན་ཁུངས་ས་ཆ་དེར་སླེབས་ཐུབ་མེད་པ་དང་། གློག་ཤུགས་ཆ་རྐྱེན་ཡག་པོ་མེད་པས་ཡུལ་མིའི་ཐོན་སྐྱེད་འཚོ་བ་མི་ཤུགས་ཁོ་ནར་བརྟེན་དགོས་ཀྱི་ཡོད།

    1982ལོར། སྐམ་ཐོག་གྲོང་ཚོར་ཆན་ཝ་10ཡི་ཆུ་ཤུགས་གློག་ཁང་ཆུང་ཆུང་ཐོག་མ་དེ་བསྐྲུན་པ་དང་། བྱུང་བར་དཀའ་བའི་གློག་དེས་ཡུན་རིང་མུན་པར་གནས་པའི་གྲོང་ཚོར་འོད་སྣང་སྦྱིན་ཡོད།

    2003ལོར། ཆན་ཝ་150ཡི་སྐམ་ཐོག་གྲོང་ཚོའི་ཆུ་ཤུགས་གློག་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། གློག་གཏོང་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ནས། ཞིང་འབྲོག་པས་ཕྱེ་འཐག་འཕྲུལ་འཁོར་དང་ཞིབ་འཐག་འཕྲུལ་འཁོར་སོགས་ཀྱང་རིམ་གྱིས་སྤྱོད་ཐུབ་པ་བྱུང་ཡོད།

    ཡིན་ནའང་སྐབས་དེ་དུས་ཀྱི་ཆུ་ཤུགས་གློག་ཁང་ནི་གློག་དྲ་རྐྱང་པར་བརྟེན་ནས་འཁོར་སྐྱོད་བྱེད་ཀྱི་ཡོད་པས། གློག་ཆད་པའི་གནད་དོན་ཡང་སེ་ཐོན་གྱི་ཡོད་པ་དང་། ལྷག་པར་དུ་གློག་སྤྱོད་མཁན་མང་བའི་དུས་སུ་གློག་སྒྲོན་གསལ་ལ་མི་གསལ་བྱེད་པ་དང་གློག་ཆས་ཆེ་གྲས་འཁོར་སྐྱོད་ཐུབ་ཀྱི་མེད།

    2012ལོར། ཆན་ཝ་35ཡི་སྐམ་ཐོག་གློག་སྒྱུར་ས་ཚིགས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། གློག་དྲ་རྐྱང་པར་བརྟེན་ནས་འཁོར་སྐྱོད་དང་གློག་ཤུགས་བརྟན་པོ་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ནས། སྐམ་ཐོག་གྲོང་ཚོའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

    2014ལོར། ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། སྐམ་ཐོག་གྲོང་ཚོར་བོད་ཀྱི་གློག་དྲ་གཙོ་བོ་དེ་མཐུད་པས། “གློག་སྤྱོད་རྒྱུ་བྱུང་བ”ནས“གློག་ཡག་པོ་སྤྱོད་ཐུབ་པའི”བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།

    གློག་ཤུགས་བརྟན་པོ་དེས་གྲོང་ཚོའི་མཚན་མོའི་རྣམ་པ་ཁྲ་ཆིལ་ཆིལ་དུ་བཏང་བ་མ་ཟད། གྲོང་གསེབ་འཕེལ་རྒྱས་ཀྱི་རེ་བའང་ཇེ་ཆེར་བཏང་ཡོད། དམངས་སྲོལ་གནས་ཚང་དང་། སྒོ་རྩིས་ཚོང་ཁང་། ཁྱད་ལྡན་ཟ་ཁང་སོགས་ཆར་རྗེས་མྱུ་གུ་འབུས་པ་ཇི་བཞིན་བཙུགས་པ་དང་། འབྲོག་ལས་ཐོན་རྫས་ལས་སྣོན་དང་། གྲོང་གསེབ་སྐྱེལ་འདྲེན། གསར་བརྗེའི་ཡུལ་སྐོར་སོགས་ཀྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད།

    གློག་ཤུགས་སྟོབས་ཆེ་ན་ཐོན་ལས་ངང་གིས་དར། ཞབས་ཞུ་ལེགས་པོ་ཡོད་ན་དམངས་སེམས་ལོས་ཀྱིས་དྲོད། 2023ལོར། སྐམ་ཐོག་གློག་གཏོང་ཞབས་ཞུའི་ས་ཚིགས་དུས་བབ་དང་བསྟུན་ནས་བཙུགས་ཤིང་། ལས་སྒོའི་རྐང་འཛིན་པ་9འཐབ་ས་དང་པོར་གཞི་ཚུགས་ཏེ་དམངས་འཚོའི་དགོས་མཁོར་དམིགས་ནས། གྲོང་མིའི་དུད་ཁྱིམ་དང་། གསར་བརྗེའི་མཛེས་ལྗོངས་ཁུལ། ལམ་རྒྱུད་ཀྱི་ཚོང་དུད་བཅས་ལ་རྒྱུན་རྣམ་ཅན་གྱི་བདེ་འཇགས་གློག་སྤྱོད་ཞིབ་བཤེར་བྱས་ཤིང་། སྐུད་ལམ་སྐོར་བཤེར་ནས་ཆག་སྐྱོན་མྱུར་བཟོའི་བར་དང་། གློག་སྤྱོད་བློ་འདྲི་ནས་སྒོ་རྩར་ཞབས་འདེགས་ཞུ་བའི་བར། ལས་དོན་མི་སྣས་ཐོག་མཐའ་བར་གསུམ་དུ་གློག་སྤྱོད་མཁན་གྱི་དགོས་མཁོ་བློ་ལ་ངེས་ཏེ། གཟབ་ནན་དང་། ངང་རྒྱུད་རིང་པོ། བསམ་པ་རྣམ་དག་བཅས་ལ་བརྟེན་ནས་གློག་སྤྱོད་འགན་སྲུང་གི་མཐའ་ཚད་བརྟན་པོར་བསྲུངས་ཡོད།

    ད་ཆའི་སྐམ་ཐོག་གྲོང་ཚོར་གསར་བརྗེའི་ཁྲག་རྒྱུན་དང་གློག་ནུས་གསོན་ཤུགས་མཉམ་འདྲེས་ཟབ་མོ་བྱུང་ནས། གང་སར་དུས་རབས་གསར་པའི་སྐྱེ་སྟོབས་རབ་ཏུ་འབར་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།