དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-18

    གངས་ལྗོངས་ས་མཐོ་བརྗིད་ཉམས་མཛེས་སྡུག་ལྡན་ལ་ཡངས་ཤིང་རྒྱ་ཆེ། བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁྲག་རྒྱུན་དང་མཉམ་དུ་འདྲེས་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་དོན་དངོས་ལས་བོད་ཀྱི་ལས་དབང་ཐོག་མཐའ་བར་གསུམ་དུ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་བ་དེར་རྩོད་ཐབས་མེད་པའི་སྒོ་ནས་དཔང་པོ་བྱས་ཡོད།

    ལོ་རྒྱུས་དེབ་ཐེར་ལ་བལྟས་ཚེ། བོད་དང་ཀྲུང་ཡོན་ས་ཁུལ་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། གནའ་སྔ་མོའི་དུས་ནས། མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱེད་མཁན་མི་རྣམས་དང་རྨ་ཆུའི་འབབ་རྒྱུད་ཀྱི་མི་རིགས་ཁག་དབར་ཁྲག་རྒྱུན་དང་། རིག་གནས། དཔལ་འབྱོར་བཅས་ཀྱི་ཐད་འབྲེལ་བ་ཟབ་མོ་ཡོད། སྤྱི་ལོའི་དུས་རབས་7པར། ཐུ་བྷོད་རྒྱལ་རབས་དང་ཐང་རྒྱལ་རབས་དབར་མཛའ་གྲོགས་ཀྱི་འབྲེལ་བ་བཙུགས་པ་དང་། འུན་ཤིང་ཀོང་ཇོ་དང་གྱིམ་ཤིང་ཀོང་ཇོ་སྔ་རྗེས་སུ་བོད་དུ་ཕེབས་ཤིང་། ད་བར་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་འགྱིང་ངེར་གནས་པའི་ཐང་བོད་དབོན་ཞང་རྡོ་རིང་རྒྱ་བོད་མི་རིགས་དབར་ལྟ་རེས་སྐྱོང་རེས་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལོ་རྒྱུས་ཀྱི་དཔང་པོར་གྱུར་ཡོད། ཡོན་རྒྱལ་རབས་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་ཕྱོཌ་ཡོངས་ནས་དོ་དམ་བྱེད་འགོ་ཚུཌ་པ་དང་ཤོན་ཀྲེང་ཡོན་བཙུགས་ནས་ཆེད་མངགས་བོད་ཀྱི་ལས་དོན་ལ་དོ་དམ་བྱས་ཏེ་བོད་དུ་ཐེམ་བཤེར་དང་། ཁྲལ་བསྡུ། དམག་དཔུང་བཅའ་སྡོད། ལོ་རྩིས་ཁྱབ་བསྒྲགས་ལག་བསྟར་བཅས་བྱས་ནས་བོད་འདི་ཉིད་ཀྲུང་གོའི་མངའ་ཁོངས་སུ་དངོས་སུ་འདུས་ཡོད།

    དེ་རྗེས་མིང་རྒྱལ་རབས་དང་། ཆིང་རྒྱལ་རབས། ཀྲུང་ཧྭ་མིན་གོ་བཅས་སུ་ཀྲུང་དབྱང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་བདག་དབང་སྟངས་འཛིན་ནན་པོ་བྱས་ཡོད། མིང་རྒྱལ་རབས་ཀྱིས“དབུ་གནས་མང་སྩོལ་ལམ་ལུགས”ཁྱབ་གདལ་བཏང་ནས་བོད་ཀྱི་ས་གནས་ཁག་གི་ཆོས་སྲིད་ཀྱི་འགོ་གཙོར་ཆོ་ལོ་བསྩལ་བ་དང་། དམག་སྲིད་ལས་ཁུངས་བཙུགས་ནས་ས་གནས་ཀྱི་ལས་དོན་ལ་དོ་དམ་བྱས་ཡོད། ཆིང་རྒྱལ་རབས་སྐབས་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནིར་ཆོ་ལོ་སྩོལ་བའི་ལམ་ལུགས་དངོས་སུ་གཏན་འཁེལ་བྱས་པ་དང་། བོད་སྡོད་ཨམ་བན་གྱིས་ཀྲུང་དབྱང་གི་ཚབ་བྱས་ཏེ་བོད་ཀྱི་སྲིད་དོན་ལ་ལྟ་འདོམས་བྱས་པ་མ་ཟད། 《བོད་ཀྱི་ལུགས་སྲོལ་གསར་འཛུགས་སྐོར་གྱི་རྩ་ཚིག་དོན་ཚན་ཉེར་དགུ》ཡོངས་བསྒྲགས་བྱས་ཏེ་བོད་ཀྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པ་དེ་ངེས་སྲོལ་དུ་གྱུར་ཡོད། མིན་གོའི་དུས་སྐབས་སུ་རྩ་ཁྲིམས་མང་པོའི་ནང་བོད་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པ་གསལ་པོ་བསྟན་ཡོད་ལ། ཀྲུང་དབྱང་སྲིད་གཞུང་གིས་ཆེད་དམིགས་ལས་ཁུངས་བཙུགས་ནས་བོད་ཀྱི་ལས་དོན་ལ་དོ་དམ་བྱས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཀྲུང་གོས་བོད་ལ་འཛིན་པའི་བདག་དབང་ཐོག་མཐའ་བར་གསུམ་དུ་ཁས་ལེན་བྱས་ཡོད། བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ནི་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཤིག་རེད།

    ཉེ་རབས་ཚུན་དུ། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་ཁ་ཕྲལ་ཕྱོགས་གཏོགས་ཀྱི་ལྐོག་གཡོའི་མདུན་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཀྱི་བརྩེ་སེམས་བརྟན་སྲུང་བྱས་ཏེ་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། 1951ལོར《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》ལ་མིང་རྟགས་བཀོད་དེ། བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་རྦད་དེ་མཐར་སྐྲོད་བཏང་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ཡོད། གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་གྱུར། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་གནམ་ས་བརྗེ་བའི་འཕེལ་རྒྱས་བྱུང་ཡོད།

    ལོ་རྒྱུས་ཀྱིས་མི་རྣམས་ལ་གནས་ཚུལ་དངོས་བརྗོད་པ་མ་ཟད། མི་རྣམས་ལ་འབྱུང་འགྱུར་ཡང་བརྗོད་ཐུབ། བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དེ་ནི་རྩོད་ཐབས་མེད་པའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་རེད། དུས་རབས་གསར་པར་འབད་འབུངས་བྱེད་པར། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་གཏམ་སྤྱོད་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྲུངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།