དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་མང་ཚོགས་ཀྱི་ལས་ཀ་ཚང་མ་དོན་ཆེན་ལ་བརྩིས་ནས་འཕྲལ་དུ་བསྒྲུབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཉིའུ་ཡུས་ཅའོ།   |     སྤེལ་དུས།  2026-05-17

    “ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ང་ཚོ་མི་སེར་གྱི་བྱ་བ་སེམས་ལ་བཞག་ནས་བསྒྲུབས་སྟབས་དཀའ་ལས་བརྒྱབ་པའི་ཡོང་འབབ་ཚང་མ་རག་བྱུང”

    ཟླ་གསུམ་པའི་ཟླ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་བ་བཟའ་བོད་རིགས་ཤང་གི་ཡུལ་མི་16ལ་དགོན་ལུང་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས(གཤམ་དུ“དགོན་ལུང་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས”ཞེས་བསྡུ་རྒྱུ)ཀྱི་རོགས་རམ་འོག་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་6.87ལྷག་ཙམ་རག་པ་དང་ཁོང་ཚོའི་རྣམ་འགྱུར་ལས་སེམས་འགུལ་ཆེན་པོ་ཐེབས་པ་མཚོན་གྱི་འདུག

    ད་ལོའི་ལོ་འགོར། འགྱངས་ཆད་བྱས་པའི་གླ་ཆ་ལེན་ཆེད་ཡུལ་མི་16གིས་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་ལས་ཕྱོགས་དང་ལས་གྲྭའི་འགན་གཙང་གཞན་སྤྲོད་ཕྱོགས་ཐེངས་མང་བཙལ་མོད། ཨར་ལས་ཕྱོགས་ཀྱིས་ལས་མིའི་གླ་ཆ་འགན་གཙང་གཞན་སྤྲོད་ཕྱོགས་ལ་སྤྲད་ཚར་ལུགས་དང་། འགན་གཙང་གཞན་སྤྲོད་ཕྱོགས་ཀྱིས་སྔོན་ལ་སྤྲོད་ཐུབ་པ་མི་འདུག་ཟེར་བ་སོགས་རྒྱུ་མཚན་སྣ་ཚོགས་དྲངས་པས་ལས་མི་འུ་ཐུག་ཐབས་ཟད་ཀྱིས་དཔྱིད་གསར་དུས་ཆེན་གྱི་གོང་དང་ཟླ་བ་གསུམ་པར་དགོན་ལུང་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་གནས་ཚུལ་དེའི་སྐོར་ཞུ་བར་ཐེངས་གཉིས་ཡོང་ཡོད།

    ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱེད་པ་ནི་དམངས་འཚོའི་མཐའ་ཚད་དང་འབྲེལ་བའི“འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག”བཅས་ཀྱི་གནད་དོན་ཞིག་ཡིན་པས་མང་ཚོགས་ཀྱི་རེ་ཞུ་ནར་འགྱངས་བྱེད་མི་རུང་ལ་ཡུན་རིང་སྒུག་ཏུའང་འཇུག་མི་རུང་།

    དགོན་ལུང་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་མིས་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་རེ་ཞུ་ཉན་ནས་དེ་སྔའི“རིམ་པ་བཞིན་སྒྲུབ་སྤྲོད་དང་ཡིག་ཆ་གཞན་སྒྱུར”གྱི་ལས་ཀའི་བྱེད་སྟངས་དོར་ཏེ“ལྟེ་གནས་ཀྱིས་བརྡ་གཏོང་བ་དང་སྡེ་ཚན་གྱིས་འབྱོར་ཐོ་འགོད་པའི”ལམ་སྲོལ་འཕྲལ་མར་ལག་ལེན་བསྟར་ཞིང་། ཧུང་ཡ་ཙི་གོ་ཤང་མི་དམངས་སྲིད་གཞུང་དང་། དགོན་ལུང་རྫོང་ཞིང་ལས་གྲོང་གསེབ་ཅུས། ངལ་རྩོལ་ལྟ་ཞིབ་རུ་ཆེན་བཅས་ཀྱིས་མཉམ་འབྲེལ་ཚོགས་འདུ་འཚོགས་པ་རེད།

    ས་གནས་ས་ཐོག་ཏུ་གྲོས་མོལ་དང་ས་གནས་ས་ཐོག་ཏུ་བཀོད་གཏོང་བྱས་ཤིང་། ལས་དོན་བཀོད་སྒྲིག་བྱས་མ་ཐག་ལམ་སེང་སྐུལ་འདེད་གཏོང་བ་དང་། གནད་དོན་ཤེས་རྟོགས་བྱུང་མ་ཐག་ལམ་སེང་ཐག་གཅོད་བྱེད་པ། འགན་འཁྲི་ཁ་གསལ་བཟོས་མ་ཐག་འཕྲལ་དུ་དོན་འཁྱོལ་བཅས་བྱས་ཡོད།

    སྡེ་ཚན་ཁག་གིས“འཕྲལ་མར་བསྒྲུབ་དགོས་པ་གསུམ”དེ་ལས་ཀའི་ཚད་གཞིར་བྱས་ནས་ལས་དོན་སྤེལ་བ་སྟེ། དཔལ་འབྱོར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་མཐུན་སྦྱོར་བྱས་པ་བརྒྱུད། རྣམ་གྲངས་ཀྱི་བྱེད་པོ་ཧུང་ཡ་ཙེ་གོ་ཤང་མི་དམངས་སྲིད་གཞུང་གིས་འཐབ་ཕྱོགས་དང་པོར་ལྟ་སྐུལ་སྒྲུབ་གཉེར་བྱས་ཏེ་འཛུགས་སྐྲུན་ཚན་པས་འོས་འགན་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་དང་། འཛུགས་སྐྲུན་ཚན་པས་ཉིན་དེ་རང་ལ་གྲོན་དངུལ་ལྷག་མ་ཚང་མ་གཏོང་སྤྲོད་བྱས་ཡོད། གླ་ཆ་ལེན་པའི་རྩོད་གཞི་དེ་ཕྱོགས་མང་མཉམ་འགུལ་བྱས་པ་བརྒྱུད་ཐག་གཅོད་ཡག་པོ་ཐུབ་སྟེ་ཡུལ་མི་16ལ་ཉིན་དེའི་དགོང་མོར་འགྱངས་ཆད་བྱས་པའི་གླ་ཆ་ལག་ཏུ་འབྱོར་ཡོད།

    གཞི་རིམ་བཅོས་སྐྱོང་གི་ཁྱབ་རྒྱ་ཆེ་ལ་འབྲེལ་བ་ཆེ་བས་སྡེ་ཚན་གཅིག་ཁོ་ནར་བརྟེན་ན་ཕན་འབྲས་ཐོན་དཀའ་ཞིང་།“འཕྲལ་མར་བསྒྲུབ་དགོས་པ་གསུམ”གྱིས་སྡེ་ཚན་གྱི་འགལ་རྐྱེན་བསལ་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཞེས་པའི་འགག་རྩའི་ལས་སྟེགས་འདི་བརྒྱུད་ཐོན་ཁུངས་སྡེབ་སྒྲིག་དང་སྟོབས་ཤུགས་གཅིག་སྡུད་མངོན་འགྱུར་བྱུང་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་རྩོད་གཞི་ཐག་གཅོད་བྱེད་པའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་ཡོད།

    འདི་ནི་དགོན་ལུང་རྫོང་སྲིད་ཁྲིམས་ཨུ་ལྷན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་གཞི་རིམ་གྱི་འགལ་ཟླ་ནུས་ལྡན་སེལ་བར་སྐུལ་འདེད་གཏོང་བའི་བསྡུས་རིས་ཙམ་རེད། འདི་ལྟ་བུའི་གྱོད་དཔེ་དགོན་ལུང་རྫོང་དུ་ད་དུང་ཧ་ཅང་མང་པོ་ཡོད།

    ས་ཁང་བདག་ཁོངས་ཀྱིས་ཁང་པ་རྩིས་སྤྲོད་དང་བཤིག་སྤོ་བཀོད་སྒྲིག་སོགས་དུས་བཅད་ལས་བརྒལ་བའི“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ལ་དམིགས་ནས། དགོན་ལུང་རྫོང་སྲིད་ཁྲིམས་ཁོངས་གཏོགས་ཀྱིས“ཕར་ཆིན་རྒྱག་པ”ལྟ་བུའི་སྲིད་ཇུས་ལག་བསྟར་ཞིབ་ཚགས་བྱས་ཤིང་། དགོན་ལུང་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་རྡོ་བས“ཉིན་རེར་བཀོད་གཏོང་ཐེངས་རེ”དང“གཟའ་འཁོར་རེར་ཞུ་བཅར་ཐེངས་རེ”བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཞུང་ལས་ཁང་དུ་བསྡད་དེ་སྙན་སེང་ཉན་ནས་མི་སྡོད་པར་མང་ཚོགས་ཀྱི་ཉེ་འགྲམ་དུ་ཕྱིན་ནས་ཅི་འཕྲོས་མོལ་འཕྲོས་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་ཡོད།

    ཞུ་བཅར་དང་ལེན་ཐེངས་54ཙམ་བྱས་པའི་ནང་འཚོ་བར་དཀའ་ངལ་ཡོད་མེད་འདྲི་བ་ནས་ནད་པར་སྨན་བཅོས་བྱེད་རོགས་སོགས་ལས་བྱེད་པ་ཚོས་སེམས་ནུས་ཡོད་རྒུ་བཏོན་པར་ཕན་འབྲས་བཟང་པོ་ཐོན་ཡོད་ལ། ཞུ་བཅར་དུ་ཡོང་མཁན་མང་ཚོགས་ལ་མཐོང་ཆེན་དང་སེམས་ཁུར་བྱེད་མཁན་ཡོད་པའི་དྲོ་སྐྱིད་ཚོར་ཡོད།

    རྡོ་བས“མི་སེར་ལ་དགོས་མཁོ་གང་ཡོད་ཀྱང་ང་ཚོས་སྒྲུབ་གང་ཐུབ་བྱེད་དགོས། མང་ཚོགས་ཀྱི“འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག”བཅས་ཀྱི་གནད་དོན་རང་ཉིད་ཀྱི་དོན་དག་ལ་བརྩིས་ནས་བསྒྲུབས་ཚེ་གཞི་ནས་མང་ཚོགས་ཀྱི་བརྩི་བཀུར་ཐོབ་ཐུབ”ཅེས་བརྗོད།

    2025ལོ་ཚུན་དུ། དགོན་ལུང་རྫོང་དང་ཤང་རིམ་གཉིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན་འགལ་བ་དང་རྩོད་གཞི་སྣ་ཚོགས་606འདུམ་འགྲིག་བྱས་པའི་ནང་ངལ་རྩོལ་པའི་གླ་ཆའི་རྩོད་གཞི་དང་ལས་རྨས་སྐྱིན་ཚབ་སོགས་ཀྱི་གྱོད་གཞིས་བཅུ་ཆ་བཞི་ཙམ་བཟུང་ནས། མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་1846.59ལྷག་ཙམ་མི་ཕོག་པ་བྱས་པ་དང་གྱོད་གཞི་ཆ་སྙོམས་ཐག་གཅོད་བྱེད་པའི་དུས་འཁོར་ཡང་སྔོན་མ་ལས་50%ཡན་ཐུང་དུ་ཕྱིན་ཡོད། “ཡིག་འབུལ་ཞུ་བཅར་བྱེད་པ་ལས་བཅའ་ཁྲིམས་ལ་ཡིད་ཆེས་མི་བྱེད་པའི”མཚོ་སྔོན་གྱི“དཀའ་གནད་དང་པོའི”བཤིག་སྤོ་བཀོད་སྒྲིག་གྱོད་གཞི་བདེ་བླག་ངང་ཐག་གཅོད་ཐུབ་སྟེ་ཞིང་ཆེན་ཡོངས་ཀྱི་ས་ཁང་བདག་ཁོངས་ཀྱི་མ་རྩ་སྟོངས་པའི་བསྐྱར་སྒྲིག་གྱོད་གཞི་དང་པོ་ཞིབ་གཅོད་བྱེད་མཇུག་འགྲིལ་བས། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།