མཚོ་སྔོན་གཏེར་ལེན་ཁས་གྲོང་སྡོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བ།
མཚོ་སྔོན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ད་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ་དང་། ལྕག་སྐུལ་དང་གཅུན་སྡོམ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་གི་རྒྱུན་གཏན་གྱི་དོ་དམ་ལ་དམ་འཛིན་ནན་པོ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གཞི་རིམ་ལ་རྩ་བ་ཚུགས་པ་དང་རང་འགན་གཙང་སྒྲུབ་བྱེད་པར་སྐུལ་འདེད་བཏང་ཡོད། ཟླ་4ཚེས་28ཉིན་བར། སྲིད་འཛིན་གྲོང་ཚོ་3གྱི་བགྲོད་ལམ་མཁྲེགས་གྱུར་བྱས་ཟིན་པ་དང་སྲིད་འཛིན་གྲོང་ཚོ་2ཀྱི་བདེ་འཇགས་འཐུང་ཆུའི་མདོང་དྲ་སྒྱུར་བཀོད་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ནུས་ལྡན་ཕྱིན་ཡོད།
ཚུགས་གནས་མཐོ་པོས་སྤྱི་འདོམས་བྱས་ཏེ་འཆར་འགོད་ལ་སྐུལ་འདེད་བཏང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་སྤེལ་ཚོགས་འདུ་དང་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་དང་དེ་བཞིན་ཞིང་ཨུད་ཀྱི་ཡིག་ཨང་དང་པོའི་དགོངས་དོན་དང་གྲོང་སྡོད་དོ་དམ་གྱི་གཏན་འབེབས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལས་གནས་ཀྱི་འགན་འཁྲི་གསལ་བཟོ་དང་། ལས་དོན་གྱི་བརྒྱུད་རིམ་ཚད་ལྡན། སྒྲིག་ཁྲིམས་ཀྱི་ཚད་གཞི་ནན་གཏོང་བཅས་བྱས་ཡོད། ཀྲོའུ་ཡོངས་ཀྱིས“ལས་བྱེད་པ་སྟོང་གཤམ་སྐྱོད་བྱེད་པའི”བྱེད་སྒོར་བརྟེན་ཏེ་སེམས་ཐག་ཉེ་བའི་ཚོགས་འདུ་སོགས་ཀྱི་ཐབས་ཤེས་སྤྱད་ནས་གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་7གྱི་སྲིད་འཛིན་གྲོང་ཚོ་42ལ་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་ཞིང་ཕན་སྲིད་ཇུས་ཐད་ཀར་གཞི་རིམ་ལ་འབྱོར་བ་དང་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་བཏང་ཡོད།
འགོ་ཁྲིད་ཀྱིས་ལས་འགན་གཙང་ལེན་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་གྲོང་སྡོད་ལས་བྱེད་པའི་གནས་ཚུལ་དང་དཀའ་ངལ་གནད་སྨིན་ཁོང་དུ་ཆུད་པ་དང་། གྲོང་ཚོའི་དོན་དངོས་ལ་གཞི་ཚུགས་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་གྲལ་བཤེར་བྱེད་པ། དབུལ་ལོག་སྔོན་འགོག་གི་མཐའ་ཚད་བརྟན་པོ་སྲུང་བ། ཐོན་ཁུངས་འབྲེལ་མཐུད་དང་རྣམ་གྲངས་འཆར་འགོད་བྱས་ཏེ་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་གཏོང་བར་རམ་འདེགས་བྱེད་པ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དང་མི་ཆོས་ཀྱི་སེམས་ཁུར་ལ་ཤུགས་སྣོན་རྒྱག་པ། གྲོང་སྡོད་ལས་བྱེད་པའི་ཟ་སྡོད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རང་འགན་གཙང་སྒྲུབ་བྱེད་པའི་གྲོང་སྡོད་ལས་བྱེད་པའི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་དང་པོར་དངོས་སྒྲུབ་ལེགས་སྐྱེས་འབུལ་བ་དང་འཇོན་ཐང་འཕེལ་ཞིང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་དང་གཟུགས་བརྙན་བཟང་པོ་མངོན་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།