ཧུང་ཧའེ་མཚོ་ངོགས་སུ་ཀྲུང་གོའི“རླུང་འཁོར་ཆེན་པོ”གསར་དུ་བཙུགས་པ།

འདི་ནི་སུའུ་དབྱི་ཧྲི་མཚོ་ཁུག་1.1ཅི་ཝ་རླུང་གློག་རྣམ་གྲངས་ཁུལ་དུ་ལས་དོན་མི་སྣས་རླུང་འཁོར་སྒྲིག་སྦྱོར་བྱེད་བཞིན་པ།
ཨེ་ཅིབ་ཀྱི་གྲོང་རྡལ་ཆུང་ངུ་ལཱ་སི་ཅཱ་ལི་པོ་ཡི་ཉེ་འགྲམ་དུ། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་འཁུར་བའི་སུའུ་དབྱི་ཧྲི་མཚོ་ཁུག་1.1ཅི་ཝ་རླུང་གློག་རྣམ་གྲངས་ཁུལ་དུ་གློག་འདོན་རླུང་འཁོར་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་། དེང་རབས་ཅན་གྱི་རླུང་གློག་ཐང་ཞིག་བྱེ་ཐང་དང་མཚོ་ངོགས་སྦྲེལ་མཚམས་སུ་འབུར་དུ་ཐོན་བཞིན་ཡོད། ཧུང་ཧའེ་ཡི་མཚོ་རླུང་ལྗང་གློག་ཏུ་གྱུར་ནས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོའི་ལྗང་མདོག་ནུས་རྒྱུ་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་རྩོམ་ཉེར་ཡོད།
སྒྲིག་སྦྱོར་བྱེད་མུས་ཀྱི་གློག་འདོན་རླུང་འཁོར་ཞིག་གི་ཉེ་འགྲམ་དུ་གནས་པའི་ལྟ་དཔྱད་ཚད་འཇལ་ས་ཚིགས་སུ། ཨེ་ཅིབ་ཀྱི་ལག་རྩལ་ཆེ་མོ་བ་སྨི་ནཱ་ཡིས་ལག་གཡོན་མར་ལབ་པར་དང་ལག་གཡས་པར་རླུང་ཚད་དཔྱད་ཆས་ཁྱེར་ནས། སྒྲིག་སྦྱོར་ལས་དོན་གྱི་བདེ་འཇགས་ལ་འགན་སྲུང་བྱ་ཆེད། ཁོང་དང་ཁོང་གི་ཚོགས་པས་ངེས་པར་དུ་རླུང་བུའི་མྱུར་ཚད་སྐར་ཆ་རེར་སྨི་12མ་ཟིན་གོང་རླུང་འཁོར་གྱི་སྒྲོ་གཤོག་མཐའ་མ་དེ་སྒྲིག་སྦྱོར་ཚར་བ་དགོས་ཀྱི་ཡོད།
དུས་རླུང་དང་མཚོ་ཐོག་སྐམ་ས་རེས་མོས་ཀྱི་རླུང་བུ་ལྡང་ཚུལ་གྱི་ཤུགས་རྐྱེན་འོག ཧུང་ཧའེ་མཚོ་ངོགས་ཀྱི་ལོ་འཁོར་མོའི་རླུང་བུ་ལྡང་ཚུལ་ལ་དུས་ཚིགས་རང་བཞིན་ཅུང་ཆེ་ཙམ་ཡོད། དཔྱིད་དུས་སུ་རླུང་ཤུགས་སྤྱིའི་ཆ་ནས་བརྟན་པོ་ཡོད་པས་ལྷུ་ལག་ཆེ་གྲས་བདེ་འཇགས་ངང་སྒྲིག་སྦྱོར་བྱེད་པར་ཕན་པ་ཡོད།
སུའུ་དབྱི་ཧྲི་མཚོ་ཁུག་1.1ཅི་ཝ་རླུང་གློག་རྣམ་གྲངས་དེ་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་འཆར་འགོད་དང་། ཉོ་སྒྲུབ། ཨར་སྐྲུན། སྙོམ་སྒྲིག རྩིས་སྤྲོད། སྤུས་ཚད་འགན་ལེན་བཅས་ལས་དོན་གྱི་འགན་འཁུར་བ་དང་། ལྷོ་བྱང་ཁུལ་གཉིས་སུ་དབྱེ་ནས། རླུང་གློག་འཕྲུལ་ཚན་138སྒྲིག་སྦྱོར་བྱས་ཤིང་། བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྗེས་སྔོན་དཔག་ལྟར་ན་ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་43ལྷག་ཙམ་ཟིན་ཏེ། ཨེ་ཅིབ་ཀྱི་ཁྱིམ་ཚང་ཁྲི་100ལྷག་ཙམ་ལ་ལྗང་མདོག་ནུས་རྒྱུ་གཙང་མ་མཁོ་འདོན་བྱས་ནས། ལོ་རེར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་220ཙམ་ཉུང་དུ་གཏོང་རྒྱུ་རེད།
སྔོན་དཔག་ལྟར་ན་རྣམ་གྲངས་དེ་2027ལོའི་ཟླ་6པར་ཤོང་ཚད་ཡོངས་ཀྱི་དྲ་སྦྲེལ་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད། ཨེ་ཅིབ་ཀྱི་གློག་ཤུགས་དང་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་པུའི་པུའུ་ཀྲང་མཱ་ཧ་མོ་ཏེ·དབྱི་སི་མཱ་ཐེ་ཡིས། སུའུ་དབྱི་ཧྲི་མཚོ་ཁུག་1.1ཅི་ཝ་རླུང་གློག་རྣམ་གྲངས་དེ་ཨེ་ཅིབ་ཀྱི་རྒྱལ་ཁབ་ནུས་རྒྱུའི་འཐབ་ཇུས་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་དམིགས་ཚད་དང་མཐུན་ཞིང་། ནུས་རྒྱུའི་གྲུབ་ཚུལ་སྣ་མང་ཅན་གྱི་འཕེལ་རྒྱས་དང་། ནུས་རྒྱུའི་བདེ་འཇགས་འགན་སྲུང་། རང་ཚུགས་ཐཱན་འབུད་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
རྣམ་གྲངས་ཀྱི་ཅིང་ལི་ཏུང་ཞའོ་པོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་སྐྲུན་ཡུལ་དུ་བདེ་འཇགས་ཐོན་སྐྱེད་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་ལག་ལེན་བསྟར་ཏེ། ཨར་སྐྲུན་བྱ་ཡུལ་དུ་རང་རྐྱ་འཕེར་བའི་འགན་འཁྲིའི་ས་ཁོངས་མང་པོ་དབྱེ་ནས། དྲ་མིག་ཚང་མའི་མི་སྣ་དང་། འཕྲུལ་ཆས། རྒྱུ་ཆ། ཁོར་ཡུག བྱ་ཐབས་སོགས་ཀྱི་གཙོ་རྒྱུར་ཞིབ་ཚགས་ཅན་དང་ཕྱོགས་བསྡུས་ཅན་གྱི་བདེ་འཇགས་དོ་དམ་བྱེད་ཀྱི་ཡོད་པ་དང་། ཁོང་གིས“ང་ཚོས་དྲ་མིག་རེར་བདེ་འཇགས་ཀྱི་འགན་འཁུར་བ་སྟེ་དྲ་མིག་པ་གཏན་འཁེལ་ཁ་གསལ་བྱས་ཏེ། བདེ་འཇགས་དོ་དམ་དེ་ཉིད་ཁྱབ་ཆེའི‘ཚང་མ་ཞུགས་པ’ནས་གནད་སྨིན་གྱི‘རང་སོ་སོའི་ཆེད་འགན་ཡོད་པའི’བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་ཡོད”ཅེས་བརྗོད།
སུའུ་དབྱི་ཧྲི་མཚོ་ཁུག་ཏུ་སྣུམ་ཞིང་མང་པོ་ཡོད་པ་དང་། ལཱ་སི་ཅཱ་ལི་པོ་ནི་ཨེ་ཅིབ་ཀྱི་སྔོག་འདོན་བྱེད་སྔ་ཤོས་དང་གལ་ཆེ་ཤོས་ཀྱི་རྡོ་སྣུམ་གྲོང་རྡལ་ཆུང་ངུའི་གྲས་ཤིག་རེད། སྔོན་ཆད་ས་གནས་དེ་གའི་གཞོན་ནུ་མང་ཆེ་བ་རྡོ་སྣུམ་ལས་རིགས་དང་འབྲེལ་བའི་ལས་ཀ་བྱེད་ཀྱི་ཡོད།
“དེ་སྔོན་ང་རྡོ་སྣུམ་ཀུང་སི་ཞིག་གི་ལག་རྩལ་ཆེ་མོ་བ་ཡིན”ཞེས་སྨི་ནཱ་ཡིས་བརྗོད་པ་དང་། 2025ལོའི་ཟླ་བ་དང་པོར་སུའུ་དབྱི་ཧྲི་མཚོ་ཁུག་1.1ཅི་ཝ་རླུང་གློག་རྣམ་གྲངས་འགོ་ཚུགས་པ་ནས་བཟུང་། ཁོང་གིས་རྡོ་སྣུམ་ཀུང་སིའི་ལས་ཀ་དགོངས་པ་ཞུས་ཏེ་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་རླུང་གློག་རྣམ་གྲངས་དེའི་ནང་ཞུགས་ཡོད། ཁོང་གིས“ནུས་རྒྱུ་གཙང་མ་ནི་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཡིན”ཞེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ས་གནས་དེ་གར་ལས་གནས་3600ཙམ་མཁོ་འདོན་བྱས་ཤིང་། དུས་མཚམས་རྗེས་མར་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་རྒྱུན་མཐུད་སྤེལ་ཏེ། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི་ལམ་སྲོལ་དང་ས་གནས་དེ་གའི་ལས་རིགས་སློབ་གྲྭ་དང་གསོ་སྦྱོང་སྒྲིག་གཞི་དང་མཉམ་ལས་སོགས་ཀྱི་བྱ་ཐབས་བརྒྱུད། ཆེད་ལས་བརྟན་པོ་ཡི་ཡུལ་དེ་གའི་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱས་ནས། རླུང་གློག་རྣམ་གྲངས་ཡུན་རིང་འཁོར་སྐྱོད་དང་ས་ཁོངས་ཀྱི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ཆེད་ཤེས་ལྡན་པའི་རྨང་གཞི་འདིང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།