“ཀྲུང་གོ་དང་མཉམ་ལས་བྱེད་པའི་གོ་སྐབས་དམ་འཛིན་ཐུབ་ཚེ་འབྱུང་འགྱུར་ལ་དམ་འཛིན་བྱེད་ཐུབ”
—— ཕ་ཁི་སི་ཐན་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྲིད་ཇུས་ཞིབ་འཇུག་སུའོ་ཡི་ལག་བསྟར་ཏུང་ཧྲི་སུའུ་ལའེ་ལི་ལ་བཅར་འདྲི་བྱས་པ།

“‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་རྩ་གནད་ཀྱིས་ཀྲུང་གོའི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་བཀོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་ལ་མཉམ་ལས་ཀྱི་གོ་སྐབས་གསར་པ་ཡང་སྦྱིན་ཡོད”ཅེས་ཉིན་ཤས་གོང་ཕ་ཁི་སི་ཐན་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྲིད་ཇུས་ཞིབ་འཇུག་སུའོ་ཡི་ལག་བསྟར་ཏུང་ཧྲི་ཨ་པི་ཏེ་.སུའུ་ལའེ་ལིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་མཐོང་ཆེན་བྱས་ཏེ་ཚན་རྩལ་རང་ཚུགས་རང་དར་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་རྒྱུ་ཡིན་ཞིང་། ཕ་ཁི་སི་ཐན་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོས་ཀྲུང་གོ་དང་མཉམ་ལས་ཐད་གཉིས་ཕན་སྔར་བས་ཡོང་རེ་བྱེད་བཞིན་ཡོད་ཅེས་བརྗོད།
“ངས་རྒྱུན་དུ་ཀྲུང་གོའི་སྐོར་གྱི་དཔེ་དེབ་བཀླགས་པ་མ་ཟད། ཀྲུང་གོ་དང་འབྲེལ་བ་ཡོད་པའི་གསར་འགྱུར་བལྟ་བར་ཡང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད”ཅེས་སུའུ་ལའེ་ལི་ཡིས་བརྗོད་པ་དང་། ཁོང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་ལས་འགན་གལ་ཆེན་གཏན་འཁེལ་བྱས་ཡོད་སྟབས། ངས་འཕྲལ་དུ་དྲ་རྒྱ་བརྒྱུད་དེའི་འབྲེལ་ཡོད་ཀྱི་ནང་དོན་ཤེས་རྟོགས་བྱས་པ་ཡིན། དེའི་ནང“སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པ་ནི་ངས་དོ་ཁུར་བྱེད་པའི་གནད་ཚིག་གི་གྲས་ཤིག་རེད། “བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་ཁེ་ལས་མི་ཉུང་བ་ཞིག‘ཀྲུང་གོའི་བཟོ་སྐྲུན’ནས‘ཀྲུང་གོའི་རིག་ནུས་བཟོ་སྐྲུན’ལ་ཕྱོགས་སྒྱུར་རིམ་སྤོར་བྱེད་པ་དེས་བཟོ་སྐྲུན་ལས་རིགས་དང་དེ་བཞིན་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་རིག་ནུས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནང་གནས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་སྣོན་ཐུབ་ཡོད”ཅེས་བརྗོད། སུའུ་ལའེ་ལི་ཡིས་ཀྲུང་གོའི་འཕྲུལ་མི་དང་བདེ་ཐང་ཐོན་ལས་ལ་འཕོ་འགྱུར་ཆེན་པོ་བྱུང་ནས་དེའི་ཞར་བྱུང་ཕན་འབྲས་ཀྱིས་རྒྱལ་ཁབ་དང་དམངས་ཚོགས་དེ་བས་མང་བར་ཕན་པ་ཐོབ་རྒྱུ་མ་ཟད། ནུས་གསར་རླངས་འཁོར་དང་ཉི་ནུས་གློག་རྫས་སོགས་ཀྱི་ཁྱབ་ཁོངས་ལ་ཀྲུང་གོར་འཕེལ་རྒྱས་མྱུར་པོ་བྱུང་སྟེ་ལག་རྩལ་དང་ཐོན་རྫས་ཕྱི་རྒྱལ་གྱི་ཁྲོམ་རར་རྒྱུན་ཆད་པར་བཏང་ནས་འཛམ་གླིང་རྒྱལ་ཁབ་མང་པོའི་ནུས་རྒྱུ་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་ཐུབ་རྒྱུ་རེད་ཅེས་བརྗོད།
“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེ་གྲས་བཞི་ཡིས‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་འཕེལ་རྒྱས་དེ་བས་གཏིང་ཟབ་དང་ཏན་ཏིག་ཐུབ་རྒྱུ་རེད”ཅེས་སུའུ་ལའེ་ལི་ཡིས་བརྗོད་པ་དང་། ཁོང་གིས་ཕ་ཁི་སི་ཐན་དང་ཀྲུང་གོའི་དབར་སྤུན་གྲོགས་ལྟ་བུའི་བརྩེ་བ་ཟབ་མོ་ལྡན་པས། ཀྲུང་གོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དོན་འཁྱོལ་བྱས་པ་དེས་ཕ་ཁི་སི་ཐན་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད་ཅེས་བརྗོད།
2007ལོར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྲིད་ཇུས་ཞིབ་འཇུག་སུའོ་ཡི་ལག་བསྟར་ཏུང་ཧྲིའི་འགན་ཁུར་ཚུན། སུའུ་ལའེ་ལི་ཀྲུང་གོའི་ཚོགས་འདུར་ཞུགས་པ་དང་བརྟག་ཞིབ་བྱེད་པར་ཐེངས་མང་བསྐྱོད་པ་མ་ཟད། ཞིབ་འཇུག་སུའོ་ཡི་སྣེ་ཁྲིད་དེ་ཀྲུང་གོའི་ལས་རིགས་གཅིག་པ་དང་མཉམ་དུ་ཞིང་ལས་དང་། ལྗང་མདོག་འཕེལ་རྒྱས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་ཀྱི་འབྲེལ་ཡོད་སྤེལ་རེས་དང་མཉམ་ལས་ཀྱང་བྱེད་མྱོང་།
“‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་ཚུགས་པ་དང་སྦྲགས་ཀྲུང་གོའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་རེ་འདོད་རིམ་པས་མངོན་འགྱུར་ཐུབ་རྒྱུ་རེད་ལ། འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་ཆེ་བ་དང་དེ་བས་མང་བ་གཏོད་ཐུབ་པའི་ཡིད་ཆེས་ཀྱང་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་དང་མཉམ་ལས་བྱེད་པའི་གོ་སྐབས་དམ་འཛིན་ཐུབ་ཚེ་འབྱུང་འགྱུར་ལ་དམ་འཛིན་བྱེད་ཐུབ”ཅེས་སུའུ་ལའེ་ལི་ཡིས་བརྗོད།
འབྲེལ་ཡོད་གསར་འགྱུར།