ཀྲུང་གོ་དང་ཀི་ནེ་ཡའི་གཉིས་ཕན་མཉམ་ལས་ལ་བར་མཐོངས་རྒྱ་ཆེན་པོ་ཡོད་པ།
ཀི་ནེ་ཡ་རྒྱལ་ཁབ་ནི་ཨ་ཧྥེ་རི་ཁའི་ནུབ་རྒྱུད་དུ་གནས་ཤིང་། ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་པའི་ས་ཧ་ལ་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་པོ་དེ་རེད། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འགྱུར་ལྡོག་ཆེན་པོ་འགྲོ་རིང་ཕན་ཚུན་ལྟ་སྐྱོང་བྱེད་པ་དང་། འཕེལ་རྒྱས་ཀྱི་རྒྱང་ལམ་ཐོག་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་བཞིན་ཡོད། ཆུ་ཤུགས་གློག་ཁང་བཙུགས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་བཏང་བ་ནས་གཏེར་རྫས་གསར་སྤེལ་བྱས་ཏེ་ཐོན་ལས་རིམ་སྤོར་ལ་རམ་འདེགས་བྱེད་པའི་བར་དང་། ལྕགས་ལམ་དང་གྲུ་ཁ་བསྐྲུན་ནས་འཕེལ་རྒྱས་ཀྱི་བགྲོད་ལམ་ཤར་གཏོང་བྱས་པ་ནས་སྨན་ཁང་དང་སློབ་གྲྭ་བསྐྲུན་ནས་དམངས་འཚོའི་བདེ་རྩར་ཕན་བཏགས་པའི་བར། གཉིས་ཕན་མཉམ་ལས་ཀྱི་རྣམ་གྲངས་མང་པོ་ཀི་ནེ་ཡར་དོན་ཐོག་ཏུ་འཁྱོལ་ནས། རྒྱལ་ཁབ་གཉིས་པོར་ཕན་པ་ནུས་ལྡན་འདོགས་པ་དང་མི་དམངས་ལ་བདེ་རྩ་བསྐྲུན་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་དང་མཐུན་སྒྲིལ་མཉམ་ལས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།
ད་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་འོག་ཀྲུང་གོ་དང་ཀི་ནེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་ཟབ་ཏུ་ཕྱིན་པ་དང་། སྲོལ་རྒྱུན་མཛའ་གྲོགས་ཡུན་རིང་བརྟན་དུ་ཕྱིན་ནས། གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ད་ལོའི་ཟླ་བ་2པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་སྐབས་39པར་རྟེན་འབྲེལ་གློག་འཕྲིན་གཏོང་སྐབས། ཀྲུང་གོ་ཕྱོགས་ཀྱིས་2026ལོའི་ཟླ་5ཚེས་1ཉིན་ནས་བཟུང་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ལ་སྒོ་ཁྲལ་རྩ་ཆག་གི་བྱ་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་གྱི་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད། བྱ་ཐབས་གལ་ཆེན་འདི་ལས་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ཟབ་མོ་གསོན་ཉམས་དོད་པོས་མཚོན་གྱི་ཡོད་ཅིང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཉིས་ཕན་མཉམ་ལས་ཟབ་ཏུ་འགྲོ་བ་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། ཀྲུང་གོ་དང་ཀི་ནེ་ཡའི་མཛའ་གྲོགས་མཉམ་ལས་ཟབ་ཏུ་འགྲོ་བར་དེ་བས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་བསུ་རྒྱུ་རེད།
སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་ནི་ཀྲུང་གོ་དང་ཀི་ནེ་ཡའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་རྨང་གཞི་བརྟན་པོ་ཞིག་རེད། དུས་ཡུན་རིང་པོའི་ནང་། ཀི་ནེ་ཡའི་མི་དམངས་ཀྱིས་རང་ངོས་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འདེམས་པར་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། ཀི་ནེ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་ཏེ། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བའི་ཐད་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད། ཀྲུང་གོ་དང་ཀི་ནེ་ཡ་ཕྱོགས་གཉིས་པོས་མུ་མཐུད་ཕན་ཚུན་ལྟ་སྐྱོང་བྱས་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐུན་མོང་ཐོག་བསྲུངས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཀྲུང་གོ་དང་ཀི་ནེ་ཡ་ནི་ཕན་ཚུན་ལྟ་སྐྱོང་གི་སྤུན་ཟླ་ཡག་པོ་ཞིག་ཡིན་ལ། འཕེལ་རྒྱས་དར་རྒྱས་ཀྱི་ལམ་རོགས་དེ་བས་ཀྱང་རེད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཀྲུང་གོ་ཕྱོགས་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་དང་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོ་དང་ཀི་ནེ་ཡས་མུ་མཐུད་དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་སྐྱོད་པ་དང་། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་པ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་རྒྱུ་རེད།
(རྩོམ་པ་པོ་ནི་ཀི་ནེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)
འབྲེལ་ཡོད་གསར་འགྱུར།