ལྷ་སའི་སྐྱེ་ཁམས་གནས་རྟགས་ལས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མངོན་པ།
སྔོ་ལྗང་ཚལ་དུ་གྲོང་ཁྱེར་གནས། མཛེས་ལྗོངས་ཁྲོད་དུ་འཚོ་བར་རོལ།
ས་མཐོའི་ཡུལ་གྱི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་ལྟེ་བའི་གཞི་རྟེན་ཡིན་པའི་ཆ་ནས། ལྷ་སའི་སྐྱེ་ཁམས་གནས་རྟགས་ཆེ་གྲས་ཁག་ལ་སྐྱེ་ཁམས་ཀྱི་རིན་ཐང་དང་དམངས་འཚོའི་དྲོ་སྐྱིད་ལྡན་པ་མ་ཟད། གྲོང་ཁྱེར་གྱི་སྐྱེ་ཁམས་རྨང་གཞི་བརྟན་པོ་བཏིང་བ་དང་མང་ཚོགས་ཀྱི་འཚོ་བ་ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད། འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཡིན་པའི་གྲོང་ཁྱེར་གྱི་རང་བྱུང་འདམ་ར་སྟེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལྷ་ཀླུ་འདམ་རར་སྔར་ནས་བཟུང“ལྷ་སའི་གློ་བ”ཞེས་པའི་མཚན་སྙན་ཡོད་ཅིང་། ཆུ་རྩ་གསོ་འཁྱོངས་དང་། གནམ་གཤིས་སྙོམས་སྒྲིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་བཞིན་ཡོད། ཕོ་བྲང་པོ་ཏ་ལའི་རྒྱབ་ངོས་ཀྱི་རྫོང་རྒྱབ་ཀླུ་ཁང་ནི་མི་ཆོས་རིག་གནས་དང་རང་བྱུང་སྐྱེད་ཚལ་གཅིག་ལ་གཅིག་རྒྱན་གྱིས་གནས་ཡོད་པས་གྲོང་མི་རྣམས་སྤྲོ་གསེང་དུ་འགྲོ་ཡུལ་གཙོ་བོ་ཞིག་ཡིན། མཐུན་སྒྲིལ་སྤྱི་གླིང་གིས“རི་སྔོན། ཆུ་དྭངས། སྔོ་ལྗང”བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་རིག་གནས་ཤུལ་བཞག་གི་མཐོང་ལམ་བར་ཁྱམས་བཏོད་དེ་སྐྱེ་ཁམས་དང་མི་ཆོས་རིག་གནས་མཉམ་གནས་ཐུབ་ཡོད། གཙང་འགྲམ་སྤྱི་གླིང་ནི་ལྷ་ས་སྐྱིད་ཆུའི་གྱ་གྱུའི་འགྲོས་དང་བསྟུན་ནས་ཆགས་ཤིང་། གཙང་འགྲམ་དང་གྲོང་ཁྱེར་གྱི་མཛེས་པ་གཞི་གཅིག་ཏུ་སྦྲེལ་ཡོད། ལྷོ་རིའི་སྤྱི་གླིང་གིས་སྐྱེ་ཁམས་ཉམས་གསོ་བྱས་པ་བརྒྱུད་སྔོན་ཆད་ཀྱི་རི་རྒོད་དེ་སྔོ་ལྗང་རྩི་ཤིང་གིས་བརྒྱན་པའི་གནས་སུ་གྱུར་ཏེ་མཐོ་ས་ནས་ལྷ་ས་གྲོང་ཁྱེར་གྱི་མཛེས་ལྗོངས་ཧྲིལ་པོ་མཐོང་ཐུབ།
འདམ་ར་ནས་སྤྱི་གླིང་བར་དང་གཙང་འགྲམ་ནས་རི་སྐེད་བར་དུ། སྐྱེ་ཁམས་གནས་རྟགས་རེ་རེ་ཞིབ་ཚགས་ངང་བཏོད་པས་ས་མཐོའི་གྲོང་ཁྱེར་གྱི་སྐྱེ་ཁམས་བཅོས་སྐྱོང་གི་དཀའ་གནད་ནུས་ལྡན་ངང་བསལ་བ་མ་ཟད། “གཙང་པོས་གྲོང་ཁྱེར་བརླན། རྩི་ཤིང་གིས་གྲོང་ཁྱེར་བསྐོར་བའི”ཡིད་འོང་བསམ་འདུན་མངོན་སུམ་དུ་གྱུར། ད་ཆའི་ས་མཐོར་སྒེའུ་ཁུང་ཕྱི་རོལ་དུ་རྩི་ཤིང་གང་སར་མཐོང་རྒྱུ་ཡོད་པ་དང་སྒོ་འགྲམ་དུ་སྤྱི་གླིང་སྣ་ཚོཌ་བསྐྲུན་ཡོད། སྐྱེ་ཁམས་གནས་རྟགས་ནི་སྔ་ས་ནས་གྲོང་ཁྱེར་གྱི་མཛེས་རྒྱན་མིན་པར་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། མཐོང་ཐོས་དྲན་རེག་ཏུ་འགྱུར་བའི་རྩི་ཤིང་དང་སྦཌ་བཙོག་མེད་པའི་མཁའ་རླུང་གཙང་མ་ནི་ལྗོངས་ཡོངས་ཀྱི་མང་ཚོགས་ཀྱི་རྟག་བརྟན་བདེ་སྐྱིད་ཅིག་ཏུ་གྱུར་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གོམ་སྟབས་བརྟན་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དཔྱད་དཔོག་ལ་རྒྱུགས་ལན་ཡག་པོ་ཞིག་ཕུལ་བ་སྟེ། འཛུགས་གཏོད་དམིགས་ཚད་ཁག་38ཀྱི་ནང་ནས་ཁག་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའམ་ཡང་ན་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ལྷག་པ་དང་ཁག་9རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འཛུགས་གཏོད་ཕན་འབྲས་ཀྱི་ཕྱོགས་བསྡུས་སྟོན་གྲངས་ཀྱི་ཐོབ་སྐར་དེ་སྐར་མ་49ནས་སྐར་མ་68བར་འཕར་བ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི“བྱ་སྤྱོད་ཆེན་པོ་བཅུ”ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པར་ཕན་འབྲས་ཐོན་ཞིང་། ས་མཐོའི་ཡུལ་ལུང་གི་ས་གཞི་ཆེན་པོར་གནམ་སྔོན་དང་། སྔོ་ལྗང་རྩི་ཤིང་། ཆུ་དྭངས། འཆམ་མཐུན་བཅས་ཀྱི་སྐྱེ་ཁམས་མཛེས་རིས་ཤིག་རིམ་བཞིན་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།