དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གནམ་མཚོ་ཡག་པོ་སྲུང་བ་ནི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ཡག་པོ་བྱེད་པ་ཞིག་རེད།

    —— གནམ་མཚོ་མཛེས་ལྗོངས་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་པའི་འབབ་འཕར་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-17

    འདམ་གཞུང་རྫོང་གྲོང་ནས་ནུབ་ཕྱོགས་སུ་རླངས་འཁོར་བཏང་ནས་བསྐྱོད་དེ་ས་བབ་སྨི་5190ཟིན་པའི་ལ་རྒན་ལ་རྒྱག་སྐབས་གནམ་མཚོ་མིག་ལམ་དུ་གསལ་ལེར་མངོན་འོང་། དེ་ནི་བྱང་རྩྭ་ཐང་ལ་གཡང་ཊིའི་ཕྲ་རྒྱན་བཏབ་པ་དང་གཉིས་སུ་མ་མཆིས། མཚོ་འགྲམ་ནས་རྒྱང་ལྟ་བྱས་ཚེ། གཡའ་དག་པའི་ནམ་མཁའ་དང་རླབས་ཕྲེང་ལང་ལོང་དུ་གཡོ་བའི་མཚོ་མོ་ཚོས་གཞི་གཅིག་ལྟར་སྣང་བ་དང་། གཙང་ཞིང་གྲལ་འགྲིག་པའི་མཚོ་འགྲམ་གྱི་ཁོར་ཡུག་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རྣམ་པ་ཞིག་མངོན།

    “དེ་སྔོན་དེ་འདྲ་མ་རེད”ཅེས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་གྲོང་རྡལ་དག་པོ་གྲོང་ཚོའི་ཡུལ་མི་ཟླ་བ་རྡོ་རྗེས་དྲན་གསོ་བྱེད་བཞིན་དུ་བཤད། ཁོང་གིས“འབྲོག་པར་རྩྭ་ཆུ་གང་བཟང་དུ་སྡོད་པའི་གོམས་གཤིས་ཡོད། སྐྱས་སྤོ་སྐབས་སྟབས་བདེའི་ཁང་པ་གང་བྱུང་དུ་རྒྱག་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཟབ་མོ་མེད། ལྷག་པར་དུ་2000ལོའི་རྗེས་སུ་ཡུལ་སྐོར་བ་ཇེ་མང་དུ་སོང་ནས་སྐྱེ་ཁམས་ལ་གནོན་ཤུགས་ཆེན་པོ་བཟོས་ཡོད”ཅེས་བཤད།

    གནམ་མཚོ་མཛེས་ལྗོངས་ཁུལ་ནི་མཚོ་བོད་ས་མཐོའི་མཚོའི་མཛེས་ལྗོངས་ཁུལ་གཙོ་བོ་དེ་ཡིན་པའི་ངོས་ནས། སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས།དམངས་འཚོར་མཐུན་རྐྱེན་སྦྱོར་བ་སོགས་ཀྱི་འགན་འཁྲི་མང་པོ་ཡོད། འདམ་གཞུང་རྫོང་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ནས“སྐྱེ་ཁམས་སྔོན་འཇོག་དང་། རང་བརྟེན་བཅོས་སྐྱོང་། མཐུན་སྦྱོར་མཉམ་བཅོས། དམངས་ཕན་མཉམ་སྤྱོད”བཅས་ལྟེ་བར་བྱས་ཏེ་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲུང་སྐྱོང་དང་ཉམས་གསོ་གལ་ཆེ་མཉམ་དུ་འཇོག་པ། ཁོར་ཡུག་འཕྲོད་བསྟེན་གྱི་ཆེད་དོན་བཅོས་སྒྲིག་སོགས་ཀྱི་བྱ་སྤྱོད་སྤེལ་བ་བརྒྱུད། གནམ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། 2023ལོར་གནམ་མཚོ་འདི་ཉིད་རྒྱལ་ཁབ་ཀྱི་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚོ་མོའི་དཔེ་མཚོན་མིང་ཐོའི་ནང་བདེ་བླག་ངང་ཚུད་པ་དང་། དེ་ནི་མིང་ཐོ་དེར་ཚུད་པའི་བོད་རང་སྐྱོང་ལྗོངས་ཀྱི་མཚོ་མོ་དང་པོ་ཡང་རེད།

    2018ལོར་མཛེས་ལྗོངས་ཁུལ་གྱིས“མི་སྤོས་མཚོ་སྲུང”གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་འགོ་ཚུགས་ཤིང་། རང་འགུལ་ངང་ཁོངས་གཏོགས་སྲིད་གཞུང་དང་འབྲེལ་མཐུད་བྱས་རྗེས་མཛེས་ལྗོངས་ཁུལ་གྱིས་སྐྱེ་ཁམས་ལྟེ་བའི་ཁུལ་གྱི་ཚོང་དུད་107དང་། འབྲོག་དུད་31 ཁྲོམ་བཀྱག་45བཅས་སྤོ་རུ་བཅུག་ནས། དེ་དག་གནམ་མཚོ་གྲོང་རྡལ་གྱི་གཅིག་སྡུད་གནས་འཕྲོད་ལེ་ལག་ཚང་བའི་ཁུལ་དུ་གཅིག་གྱུར་བཀོད་སྒྲིག་བྱས་པས་སྐྱེ་ཁམས་ལྟེ་བའི་ཁུལ་གྱི་ཁྱབ་ཁོངས་ཡོངས་སྟོང་པར་གྱུར་པ་མ་ཟད། རིག་གནས་ཡུལ་སྐོར་གྱི་ལས་རྣམ་ཚད་ལྡན་ཕྱོགས་སྡེབས་ཐུབ་ཡོད། དེ་དང་ཆབས་ཅིག་མཛེས་ལྗོངས་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དེ་རིག་གནས་ཡུལ་སྐོར་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ནས“གྲོང་ཚོ་རྒྱུན་རྣམ་་ཕྱོགས་སྡེབས་དང་། ཤང་གྲོང་གཅིག་སྡུད་བརྒྱུད་འདྲེན། རྫོང་ཁོངས་ཚད་ལྡན་ཐག་གཅོད”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ལམ་སྲོལ་རྒྱུན་རྣམ་ལག་བསྟར་བྱས་ནས་མཛེས་ལྗོངས་ཁུལ་གྱི་རིག་གནས་ཡུལ་སྐོར་བྱེད་སྒོ་ལས་བྱུང་བའི་འཚོ་བའི་གད་སྙིགས་དག་གནོད་མེད་ཅན་གྱི་ཚད་ལྡན་བསྡུ་རུབ་དང་། ཁ་ཟུམ་བརྒྱུད་འདྲེན། ལུགས་མཐུན་ཐག་གཅོད་བཅས་བྱས་པ་རེད། གནམ་མཚོ་མཛེས་ལྗོངས་ཁུལ་གྱི་སྡེ་ལས་དོ་དམ་ལྟེ་གནས་ཀྱི་གཙོ་གཉེར་བ་གཞོན་པ་རྡོ་རྗེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་ལྟར་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀར་ལས་དོན་པ་ཞབས་ཞུའི་ས་ཚིགས་སུ་འཛོམས་ནས་མཚོ་འགྲམ་དང་རྐང་ཐང་ལམ་དུ་གད་སྙིགས་གཙང་སེལ་བྱེད་པར་འགྲོ་ཡི་ཡོད། རྡོ་རྗེས“མཛེས་ལྗོངས་ཁུལ་སྔར་བས་མཛེས་སུ་ཕྱིན་པ་མཐོང་སྐབས་དཀའ་ལས་རྒྱག་རིན་འདུག་སྙམ་གྱི་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད།

    མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་རིག་གནས་ཡུལ་སྐོར་གྱི་ལས་རྣམ་ཚད་ལྡན་དང་སྤུས་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག མཛེས་ལྗོངས་ཁུལ་གྱིས་རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། ལས་གནས་ས་གནས་ཅན་གྱི་གཟིགས་སྐྱོང་ལམ་སྲོལ་ཁྱབ་གདལ་བཏང་ནས་གཙང་སྦྲའི་ལས་གནས་དང་། བདེ་སྲུང་གི་ལས་གནས། སྣེ་ཤན་པའི་ལས་གནས་སོགས་འཐབ་ཕྱོགས་དང་པོའི་ལས་གནས་སུ་སྔོན་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་བསྡུས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་གི་གྲུབ་འབྲས་དམངས་འཚོའི་བདེ་རྩར་འགྱུར་བར་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་མཐུན་སྦྱོར་གཉིས་ཁེ་ཡོང་བར་བྱས་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར་གནམ་མཚོ་མཛེས་ལྗོངས་ཁུལ་གྱིས་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱི་ཐོག་ནས་འབྲོག་པ་5000ལྷག་ཙམ་ལ་ཡོང་འབབ་སྒོར་ཁྲི་5000ཙམ་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། “སྔོན་ཆད་མཚོ་ཁའི་ལྟོ་རྟེན་མཚོ་ཡིན། ད་ཆ་མཚོ་མོར་སྲུང་སྐྱོང་བྱས་ནས་གྲོང་ཚོ་ཕྱུག་པོ་ཆགས་པ་ནི་རང་བྱུང་ཁམས་དང་མི་ཞི་མཐུན་མཉམ་གནས་བྱེད་པའི་དཔེ་མཚོན་ཡག་ཤོས་ཤིག་ཡིན། མཚོ་འདི་ཡག་པོ་བསྲུངས་ཚེ་བདེ་སྐྱིད་འཚོ་བ་ཡག་པོ་སྲུང་བ་དང་གཉིས་སུ་མེད”ཅེས་སྐྱེ་ཁམས་དོ་དམ་བ་རྡོ་རྗེ་ལྷ་མོས་ས་གནས་དེ་གའི་འབྲོག་པའི་ཐུན་མོང་གི་བསམ་འདུན་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།