དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ལྗོངས་ས་མཐོ་སྔོ་ལྗང་གོས་ཀྱིས་བརྒྱན།

    —— “ལོ་ལྔ་ཚན་བཅུ་བཞི་པའི”བོད་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-17

    ལྷ་སའི་ལྷོ་རི་བྱང་རིའི་མུའུ་ཁྲི་ཡི་སྔོ་ལྗང་བར་ཁྱམས་ནས་བྱང་རྩྭ་ཐང་དུ་ཅི་དགར་རོལ་བའི་སྲོག་ཆཌ་བར་དང་། ལྷུང་ལྷུང་དུ་བཞུར་བའི་ཡར་ཀླུང་གཙང་པོ་ནས་ས་མཐོའི་མཛེས་མཐུན་གྲོང་གསེབ་ཀྱི་གང་སར་རྩྭ་རྩི་ཤིང་གི་དྲི་ཞིམ་འཐུལ་བཞིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུཌ་གཏོད་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དོན་འཁྱོལ་ནན་པོ་བྱས་ནས། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུཌ་གཏོད་སྲོལ་ཡིག》བཏོན་ཏེ“ས་ཆ་ལྔ་དང་མ་ལག་གཅིག”དང“བྱ་སྤྱོད་ཆེན་པོ་བཅུ”དམ་འཛིན་བྱ་གཞིར་བྱས་ནས་ས་མཐོའི་དོན་དངོས་དང་མཐུན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་བུར་བསྐྱོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་ལ་བརྟན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ཕན་འབྲས་དཔྱད་དཔོག་བྱས་འབྲས་ལས་མངོན་པར། འཛུགས་གཏོད་ཀྱི་དམིགས་ཚད་ཁག་38ཀྱི་ཁྲོད་ནས་ཁག་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའམ་ཡང་ན་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ལེགས་པ་ཡོད་པ་དེའི་ཁྲོད་ནས་ཁག་9རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འཛུགས་གཏོད་ཕན་འབྲས་ཀྱི་ཕྱོགས་བསྡུས་སྟོན་གྲངས་ཀྱི་སྐར་གྲངས་49ནས་68བར་མཐོ་རུ་ཕྱིན་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི“བྱ་སྤྱོད་ཆེན་པོ་བཅུ”ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་འབྲེལ་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད། ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་གཙང་། མི་སེམས་མཐུན་པ་བཅས་ཀྱི་སྐྱེ་ཁམས་འཆར་འགོད་དཔེ་རིས་ས་མཐོའི་ས་གཞི་ཆེན་པོར་འགོད་བཞིན་ཡོད།

    ལྗང་མདོག་གཞི་གདན་དུ་བྱས་ནས་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    2021ལོར་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་པ་རེད། བོད་ཀྱི་ལུང་གཞུང་ཁུལ་དུ་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མ་དེ་ལྷ་ས་སྐྱིད་ཆུ་གཙོ་རྐང་དུ་བྱས་ནས་ཤར་ནུབ་གཉིས་སུ་སྤྱི་ལེ་200ཙམ་བསྲིངས་ཡོད། “ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་གིས་བརྒྱན་པ་དང་། ལོ་བཅུའི་ནང་ཁྱིམ་གཞིས་སྔོ་ལྗང་ཅན་དུ་འགྱུར་བའི”བསམ་བཀོད་གཞིར་བཟུང་། འཛུགས་སྐྲུན་པ་ཚོས་རི་རྒོད་དུ་རྩ་བ་ཚུགས་ནས་སྙིང་རུས་གཏན་འཁྱོངས་ཀྱིས་ཤིང་འཛུགས་ནགས་བཟོའི་ལས་ལ་གཞོལ་བ་རེད།

    ཉིན་རེ་བཞིན་སྔོ་ལྗང་འདེབས་འཛུགས་ལས་ལ་གཞོལ་བས་རི་ཀླུང་གི་རྣམ་པ་གསར་རྐྱང་དུ་གྱུར། ལོ་ལྔའི་རིང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་རིམ་རྩིས་བརྒྱབ་ན། ནགས་བཟོ་ནགས་སྐྱོང་མུའུ་ཁྲི་110.87བྱས་པས་སྡོང་ཕྲུག་གསོན་ཚད་85%ཡན་ཟིན་ཡོད།རི་རྒོད་དུ་སྔོ་ལྗང་ལྗོན་ཤིང་བཙུགས་པས་ལྷ་ས་སྐྱིད་ཆུའི་འབབ་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་དང་ས་རྒྱུ་རྒྱུན་འཁྱོངས་ཐུབ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ནས། སྔོན་ཆད་ཀྱི“རླུང་ཆེན་ལྡང་ན་རང་ཁྱིམ་ཡང་རིག་རྒྱུ་མེད་པའི”རྣམ་པ་ནམ་མཁའི་འཇའ་ལྟར་ཡལ་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

    སྔོན་མའི་སྐྱ་ཐེར་ཐེར་གྱི་རི་ཀླུང་ད་ཆ་སྔོ་ཐིང་ངེར་གྱུར་ཡོད་པ་ལས་བོད་ཀྱི་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་གོམ་སྟབས་བརྟན་པོ་སྤོས་པ་མངོན་གྱི་ཡོད། 2021ལོ་ནས་2024ལོ་བར་བོད་ཀྱིས་རིམ་རྩིས་བརྒྱབ་ན་གཙོ་གནད་ལས་གྲྭའི་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་195.99ལེགས་གྲུབ་ཟིན་པ་དང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་3035.36ཉམས་གསོ་ཐུབ་པ། བྱེ་འགྱུར་ས་ཆ་མུའུ་ཁྲི་352བཅོས་སྐྱོང་ཐུབ་པ། ས་ཆུ་ཤོར་བ་བཅོས་སྐྱོང་སྟོང་སྨི་ངོས་གྲུ་1545.33ཟིན་པ། གཏེར་རི་མུའུ་ཁྲི་2.49ཉམས་གསོ་བཅས་བྱུང་ཡོད།

    དེང་གི་བོད་ལྗོངས་སུ་ལྗང་མདོག་གི་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་ཆེར་འགྲོ་བ་དང་སྐྱེ་ཁམས་ཀྱི་རྨང་གཞི་དེ་བས་བརྟན་དུ་འགྲོ་བཞིན་ཡོད། ལྗོངས་ཡོངས་ཀྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་48.07%བར་མཐོ་རུ་ཕྱིན་པ་དང་། ས་ཆུ་སྲུང་འཛིན་བྱེད་ཚད་92.27%ཟིན་པ། འདམ་རའི་རྒྱ་ཁྱོན་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། ཆུ་བོ་དང་མཚོ་གཙང་ཚད་100%ཟིན་ཡོད་པ་རེད།

    སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་རྒྱུན་མཐུད་བརྟན་དུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་50%ལྷག་ཙམ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པ་དང་། “ཚད་གསུམ་དང་ཐོ་གཅིག”གི་སྔོན་ལ་སྲུང་སྐྱོང་བྱེད་པའི་ཚན་པའི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་88%ཡན་བཟུང་ཡོད། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གང་མགྱོགས་བཙུགས་ཤིང་། ས་མཐོའི་རྩ་ཆེའི་སྲོག་ཆགས་ཀྱི་ཁྱུ་ཚོགས་བརྟན་པོའི་ངང་སླར་གསོ་བྱུང་བ་དང་། རི་སྐྱེས་སྲོག་ཆགས་འཚོ་གནས་ཁུལ་རྒྱུན་མཐུད་རྒྱ་ཆེར་སོང་བ། རྒྱལ་ཁབ་ཀྱི་སྲུང་སྐྱོང་སྲོག་ཆགས་246དང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རྩི་ཤིང་169འདི་གར་སྐྱེ་འཕེལ་བྱུང་ནས་གངས་ལྗོངས་ས་གཞི་ཆེན་པོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

    སྔོ་ལྗང་ལྗོན་ཤིང་བཙུགས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱས་པ།

    སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ་ཕན་ཚུན་མཉམ་འགུལ་བཟང་པོ་ཡོང་བའི་འགག་རྩ་ནི་ཚན་རིག་དང་མཐུན་པའི་ཐབས་ལམ་ཡང་དག་འཚོལ་བར་ཐུག་ཡོད།

    ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ཁྱད་འཕགས་ལ་གཞི་ཚུགས་ནས་བོད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། སྣ་མང་ལྗང་མདོག་ཐོན་ལས་མ་ལག་གང་མགྱོགས་བསྐྲུན་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་འགྱུར་བར་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་གནས་པའི་ཀྲུང་ཁྲེ་ལྷོ་ཁ་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་ནི་བོད་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་རྟེན་གཞི་དང་པོ་དེ་ཡིན་ལ་མིག་སྔར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་རྟེན་གཞི་ཞིག་ཀྱང་རེད།

    2025ལོའི་ཟླ་6པ་བར་ཐོན་ལས་གླིང་ལ་རིམ་རྩིས་བརྒྱབ་ན་མངགས་ཐོ་སྒོར་དུང་ཕྱུར་6ཙམ་ཐོབ་པ་དང“ས་མཐོའི་མངགས་བཟོའི”སྒྲིག་ཆས་ཁག་དང་ཁག་བཞིན་ཧྭ་གློག་ཚེ་སྤོང་གི་དུས་ཐེངས་གཉིས་པའི་ཆན་ཝ་ཁྲི་10ཡི་འོད་ཤུགས་རྣམ་གྲངས་སོགས་ལས་གྲྭ་གལ་ཆེན་དུ་གཅིག་རྗེས་གཉིས་མཐུད་ངང་སྤྱད་པ་རེད། དེ་དང་ཆབས་ཅིག“ཐོན་ལས་དང་ལས་ཞུགས”མཉམ་འགུལ་རྣམ་པ་བརྒྱུད་མཐའ་འཁོར་གྱི་ལེ་ལག་ཚང་བའི་ཐོན་ལས་གཅིག་སྡུད་ལ་སྐུལ་ཁྲིད་བྱས་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཐོན་ལས་གཉིས་པའི་འཕར་ཐང་12%མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་འགྲོ་ཤུགས་ཆེ་བ་དང་ལྗང་མདོག་སྒུལ་ནུས་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་ཡོད། ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་ཀྱི་གློག་འདོན་ཚད་ཆན་ཝ་ཁྲི་3300ལས་ཚད་བརྒལ་བྱུང་བ་དང་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་96.32%ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། 2024ལོར་ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཀྱིས་བསྡུར་ཚད་99%ཡན་བཟུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    སྲོལ་རྒྱུན་ཐོན་ལས་ཀྱི་འགྱུར་ལྡོག་མགྱོགས་སུ་ཕྱིན་པ་དང་ལྗང་མདོག་གཞི་རྒྱུ་རྒྱུན་ཆད་མེད་པར་ཟབ་གཏོད་ཐུབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན། བོད་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་17དང་། ལྗང་མདོག་བཟོ་ལས་གླིང་1 ལྗང་མདོག་གཏེར་རི་7བཅས་སྐྱེད་སྲིང་བྱས་པ་དང་། བོད་ལྗོངས་དང་མཚོ་སྔོན་གྱི་བཟོ་ལས་གླིང་རྒྱལ་ཁབ་ཀྱི་བཟོ་ལས་ཅན་གསར་པའི་ཐོན་ལས་དཔེ་སྟོན་རྟེན་གཞིར་གཏན་འཁེལ་བྱས་པ་དང་། ལྷ་ས་མཐོ་གསར་ཁུལ་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དུ་རིམ་སྤོར་བྱས་པ་རེད།

    ལྗང་མདོག་སྐྱེ་ལྡན་ནི“བོད་རྟགས་ཅན”གྱི་ཞིང་འབྲོག་ཐོན་རྫས་ཀྱི་མཚོན་རྟགས་གཙོ་བོར་གྱུར་ཡོད། ལྗོངས་ཡོངས་ཀྱི་ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས། གསར་པ་བཅས་ཀྱི་བསྡོམས་འབོར་459ཟིན་པ་དང་། “བོད་ནས”དང“བོད་ཀྱི་ཁུ་ལུ”སོགས་ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་ནུས་པ་རྒྱུན་མཐུད་ངང་ཐོན་ནས་སྐྱེ་ཁམས་ལེགས་ཆ་དེ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་རྒྱུན་མཐུད་འགྱུར་བཞིན་ཡོད།

    ལྗང་མདོག་ལ་བརྟེན་ནས་དར་རྒྱས་བཏང་སྟེ་དམངས་འཚོའི་བདེ་རྩ་མཉམ་དུ་སྤྱད་པ།

    སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་མཐར་མང་ཚོགས་ཀྱི་འཛུམ་མདངས་ལས་མངོན་གྱི་ཡོད། བོད་ཀྱིས་སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་དམངས་ཆེད་མཐའ་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་དམངས་འཚོའི་བདེ་རྩར་བསྒྱུར་ཡོད།

    ད་ཆ་བོད་ཀྱི་ས་གནས་ཁག་གི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམངས་ཕན་ཕན་འབྲས་རྒྱུན་མཐུད་ངང་མངོན་ཡོད། ལྗོངས་ཡོངས་སུ་ཁྱིམ་ཚང་གི་དམངས་སྲོལ་གནས་ཚང(མགྲོན་ཁང)2000ལྷག་ཙམ་ཡོད་པ་དང་ཞིང་འབྲོག་པ་མི་ཐེངས་ཁྲི་30ལྷག་ཙམ་ཐད་ཀར་རམ་གཞན་བརྒྱུད་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་ནང་ཞུགས་པ་དང་ལས་ཞུགས་ཐུབ་པས་སྐྱེ་ཁམས་ཡུལ་སྐོར་ལས་ཡོང་འབབ་བརྟན་པོ་བྱུང་ཡོད།

    སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བཏང་ནས་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དུས་མཚུངས་བོད་ཀྱིས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ལ་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པའི་ཁྲོད་འབབ་འཕར་བརྟན་པོ་དང་ཁེ་ཕན་མཉམ་སྤྱོད་ཐུབ་པར་བྱས་ཡོད།

    ཞོགས་པར་རི་ཚོགས་ཀྱིས་བསྐོར་བའི་མངའ་རིས་ས་ཁུལ་གྱི་སྒར་རྫོང་གྲོང་དུ་དབེན་ཞིང་འཇམ་པ་དང་ལྗོན་ཤིང་གི་གསེབ་ཏུ་ནགས་སྲུང་བ་ལྷུན་གྲུབ་ཀྱིས་ཉིན་གཅིག་གི་ལས་ཀ་བྱེད་འགོ་ཚུགས་ཤིང་། ནགས་སར་སྐོར་གཡེང་དང་། སྔོ་ཁེབས་བདག་སྐྱོང་། མེ་ཟོན་སྐོར་ཞིབ། ནད་འབུའི་གནོད་འཚེ་གྲལ་བཤེར་བཅས་ནི་ཁོང་གིས་ཉིན་ཐོག་ཉིན་བརྩེགས་ཀྱིས་བརྟན་སྲུང་བྱེད་པའི་ལས་ཀ་རེད།

    ལྷུན་གྲུབ་ཀྱིས་བརྒྱུད་མྱོང་བ་ནི་བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ལ་བརྟེན་ནས་དམངས་འཚོ་ལེགས་སུ་བཏང་བའི་མཚོན་ཚུལ་དངོས་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱིས་ལོ་རེར་ཆ་སྙོམས་ཞིང་འབྲོག་པར་སྐྱེ་ཁམས་ལས་གནས་ཁྲི་44ལྷག་ཙམ་མཁོ་འདོན་བྱས་ཏེ་སྐྱེ་ཁམས་ལས་གནས་ཀྱི“གཱ་གཅིག་ཀུན་འཐུས”ཀྱི་དངུལ་འབོར་ཚང་མ་ལག་འབྱོར་ཐུབ་པ་དང་། རྩྭ་ཐང་སྐྱེ་ཁམས་ཀྱི་ཁ་གསབ་བྱ་དགའི་དངུལ་སྒོར་དུང་ཕྱུར་136.8གཤམ་སྤྲོད་བྱས་ནས་ཞིང་འབྲོག་པ་ཁྲི་226.22ལ་ཕན་པ་ཐོབ་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་དངུལ་སྒོར་དུང་ཕྱུར་51.47དོན་འཁྱོལ་བྱས་ནས་མང་ཚོགས་ཁྲི་10.3ལ་སྤྱི་ཕན་ནགས་ཚལ་གྱི་བདག་སྐྱོང་ལས་དོན་སྤེལ་རྒྱུར་སྐུལ་ཁྲིད་བྱས་ཡོད། ཞིང་འབྲོག་པ་དེ་བས་མང་པོས“བདག་སྐྱོང་ལག་དེབ”འཁྱེར་ནས་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་རིང་འཚོ་བ་བདེ་ཞིང་སྐྱིད་པ་བྱུང་ཡོད།

    སྐྱེ་ཁམས་དམངས་ཕན་གྱི་ཁེ་འབབ་དེ་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་ལས་མཚོན་གྱི་ཡོད། ད་ཆ་ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99.7%ཟིན་པ་དང་། ཡར་ཀླུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུ་སོགས་ཆུ་གཞུང་གི་ཆུའི་སྤུས་ཚད་རིགས་གཉིས་པའི་ཚད་གཞིར་སླེབས་པ། གྲོང་ཁྱེར་གྱི་བཙོག་ཆུ་དང་གད་སྙིགས་གནོད་མེད་ཅན་དུ་གཙང་སེལ་བྱེད་པའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། སྦགས་བཙོག་ཐེབས་པའི་རྨོ་ཞིང་དང་གཙོ་གནད་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་ཡག་པོ་སྤྱོད་ཚད་99.81%དང་100%སོ་སོར་ཟིན་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7ཚང་མར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་མིང་བཏགས་པ་དང་། སྐྱེ་ཁམས་འཛུགས་སྐྱོང་གི་གྲུབ་འབྲས་ལས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་ཡོད། ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ས་གཞི་གཙང་དག་བཅས་རྟག་ཏུ་གནས་ཐུབ་སྟེ། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་རྩར་གྱུར་ཡོད།

    ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་ས་མཐོའི་མཛེས་མཐུན་གྲོང་གསེབ་1000བསྐྲུན་པ་དང་། ས་གནས་ཁག་གིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་བྱས་པ། དུད་ཚང་ཁྲི་45.4ལྷག་ཙམ་གྱི་གསང་སྤྱོད་སྒྱུར་བཀོད་བྱས་པ་དང་དུད་ཚང་ཁྲི་36ལྷག་ཙམ་གྱི་མི་ཕྱུགས་ལོགས་དབྱེ་བྱས་ནས། ལྗོངས་ཡོངས་སུ་དུད་ཚང་དུ་གསང་སྤྱོད་བརྒྱབ་ཚད་དང་མི་ཕྱུགས་ལོགས་དབྱེ་བྱེད་ཚད་83.25%དང་98%ཡན་སོ་སོར་ཟིན་ཡོད། གཞན་ཡང་སྒོ་ཕྱུགས་ཀྱི་ལྕི་བ་དང་། བྱ་བྲུན། སོག་མ། བེད་མེད་ཞིང་སྤྱོད་འགྱིག་ཤོག་བཅས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་བ་དང་། འདེབས་གསོའི་འཁོར་རྒྱུག་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་ནས། གྲོང་གསེབ་ཀྱི་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་རང་མདངས་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད།

    སྙིང་རུས་གཏན་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་རྩ་བ་བརྟན་པོ་སྲུང་བ་ནས་ལྗང་མདོག་སྒུལ་ནུས་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་ཡར་སྐུལ་བྱེད་པའི་བར་དང་། དེ་ནས་སྐྱེ་ཁམས་ཀྱི་ཁེ་འབབ་ལ་བརྟེན་ནས་དུད་ཚང་ཁྲི་སྟོང་མང་པོར་ཕན་པ་འདོགས་པའི་བར། ལྗང་མདོག་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་མངོན་གསལ་དོད་ཤོས་དང་བརྟན་ཤོས་སུ་གྱུར་ཡོད། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་བརྒྱུད། གངས་ལྗོངས་ས་མཐོས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་རྒྱུན་མཐུད་བསྒྱུར་ནས་རི་སྔོན་ཆུ་དྭངས་ལས་ས་མཐོའི་བུ་ཕྲུག་ལ་ཡུན་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།