《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2016ལོའི་ཟླ་12པ་ནས་2025ལོའི་ཟླ་12པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། དངོས་ཚན་དཔལ་འབྱོར་ནི་རྒྱལ་ཁབ་ཅིག་གི་དཔལ་འབྱོར་རང་ཚུགས་ཀྱི་གཞི་རྩ་དང་། རྒྱུ་ནོར་སྐྲུན་པའི་རྩ་བའི་འབྱུང་ཁུངས། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཀ་རྟེན་གལ་ཆེན་བཅས་ཡིན། དཔལ་འབྱོར་འཕེལ་རྒྱས་དུས་གང་ཞིག་ཏུ་སླེབས་ཀྱང་དངོས་ཚན་དཔལ་འབྱོར་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། རྒྱལ་སྤྱིའི་དཔལ་འབྱོར་འགྲན་རྩོད་ཁྲོད་ང་ཚོར་རང་འགུལ་ཐོབ་པའི་རྨང་གཞི་ཡིན། རང་རྒྱལ་གྱི་དཔལ་འབྱོར་ནི་དངོས་ཚན་དཔལ་འབྱོར་ལ་བརྟེན་ནས་བྱུང་བ་ཡིན་ལ། དངོས་ཚན་དཔལ་འབྱོར་ལ་བརྟེན་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ་ཞིག་ཀྱང་ཡིན། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དངོས་ཚན་དཔལ་འབྱོར་ཕྱོགས་སུ་གཅིག་སྡུད་བྱེད་པ་དང་། སྲིད་ཇུས་དང་བྱེད་ཐབས་དངོས་ཚན་དཔལ་འབྱོར་ལ་ཕྱོགས་པ། ལས་ཀའི་སྟོབས་ཤུཌ་དངོས་ཚན་དཔལ་འབྱོར་ལ་འདོན་པ་བཅས་ལ་སྐུལ་འདེད་བཏང་ནས། བཟོ་ལས་ཅན་གསར་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་དངོས་ཚན་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། བཟོ་སྐྲུན་ལས་རིགས་ནི་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་ཡིན་པས། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་བློ་བརྟན་འགྱུར་མེད་ངང་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་ལས་གྲྭ་དང་ལག་རྩལ་སྒྲིག་ཆས་གལ་ཆེན་འགག་སྒྲོལ་ལས་གྲྭ་ལག་བསྟར་བྱས་ཏེ། ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དང་རང་འགུལ་ངང་འཚམ་མཐུན་དང་སྣེ་ཁྲིད་ཧུར་ཐག་བྱས་ཏེ། ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུ་དེ་གྲངས་འཛིན་དཔལ་འབྱོར་དང་ཐོན་ལས་ཆ་འཕྲིན་ཅན་འཕེལ་རྒྱས་གཏོང་བ་སོགས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་སྟོབས་ཆེན་འདིང་དགོས།
རྩོམ་ཡིག་ནང་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ངེས་པར་དུ་ཐོན་སྐྱེད་ནུས་ཤུགས་གསར་མ་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། འབྱུང་འགྱུར་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་བྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས། ལེགས་ལྡན་ཐོན་ལས་ཀྱི་དམིགས་བསལ་གནས་བབ་སྲ་བརྟན་དུ་བཏང་ནས་བདེ་འཇགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ཞན་ཆ་མགྱོགས་མྱུར་སེལ་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་མཉམ་འདྲེས་ཁྱུ་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། མི་ཐབས་རིག་ནུས། སྐྱེ་དངོས་ལག་རྩལ། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། སྒྲིག་ཆས་རྩེར་སོན། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སོགས་འཕར་གཞིའི་སྒུལ་ཤུགས་གསར་པ་ཁག་གཅིག་སྐྲུན་དགོས། སྤུས་ལེགས་ནུས་ཆེའི་ཞབས་ཞུའི་ལས་རིགས་ཀྱི་མ་ལག་གསར་པ་སྐྲུན་པ་དང་ལས་ཆོད་ཆེ་ཞིང་ཐོགས་པ་མེད་པའི་འཁོར་རྒྱུག་མ་ལག་བསྐྲུན་ནས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་བྱེད་དགོས།
རྩོམ་ཡིག་ནང་། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། དངོས་ཚན་དཔལ་འབྱོར་ནི་དངུལ་རྩའི་རྨང་གཞི་ཡིན་པ་དང་། དངུལ་རྩ་ནི་དངོས་ཚན་དཔལ་འབྱོར་གྱི་ཁྲག་རྒྱུན་ཡིན་པ། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་ནི་དངུལ་རྩའི་རང་འགན་རྩོད་མེད་ཅིག་ཡིན། རང་རྒྱལ་གྱི་དངུལ་རྩས་ངེས་པར་དུ་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ཡག་པོ་ཁུར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ལས་དངོས་བྲལ་བཏགས་འགྱུར་གཏན་ནས་བྱེད་མི་རུང་ཞེས་ནན་བཤད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།