དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཁྱབ་ཁོངས་ཆུང་བའི་ཞལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-17

    ཟླ་5ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཁྱབ་ཁོངས་ཆུང་བའི་ཞལ་འཛོམས་གནང་ཞིང་། འདི་ནི་ཐེ་རོན་ཕུ་ཕེབས་འབྱོར་ཟིན་སྐབས་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཁྱབ་ཁོངས་ཆུང་བའི་ཞལ་འཛོམས་གནང་བ་རེད།

    དབྱར་དུས་ཀྱི་ཀྲུང་ནན་ཧའེ་འདི་ཉིད་སྔོ་ལྗང་ལྗོན་ཤིང་དང་རྩྭ་རྩི་ཤིང་གི་མཛེས་པས་ཡོངས་སུ་བརྒྱན་ཡོད། ཐེ་རོན་ཕུ་ཕེབས་འབྱོར་ཟིན་སྐབས་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕེབས་ཞོར་བཀའ་མོལ་གནང་གིན་དེ་གའི་ཁོ་ར་ཁོར་ཡུག་ཀུན་ལ་གཟིགས་སྐོར་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཙུང་ཐུང་ཐེ་རོན་ཕུ་ད་ཐེངས་འཚམས་འདྲིར་ཕེབས་པ་ནི་ལོ་རྒྱུས་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་འཚམས་འདྲི་ཞིག་རེད། ང་ཚོས་ཀྲུང་གོ་དང་ཨ་རིའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི་ངེས་གནས་གསར་པ་ཐུན་མོང་ཐོག་གཏན་འཁེལ་བྱས་ཏེ། དཔལ་འབྱོར་ཚོང་དོན་འབྲེལ་བ་བརྟན་པོ་རྒྱུན་འཁྱོངས་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད། ཕན་ཚུན་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་སྤེལ་རེས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བར་མོས་མཐུན་བྱུང་ཡོད། འཚམས་འདྲི་གནང་བ་དེས་ཕན་ཚུན་བསམ་ཤེས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད། དེ་ཐོག་ནས་ཀྲུང་གོ་དང་ཨ་རིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཞི་བདེ་མཉམ་གནས་དང་མཉམ་ལས་གཉིས་ཕན་ཡོང་བར་བྱས་ནས་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་རྒྱུ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་འདོད་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་སྒུག་ཅིག་ཡིན་པ་སླར་ཡང་གསལ་པོར་མཚོན་ཡོད། ཙུང་ཐུང་ཐེ་རོན་ཕུ་ཡིས་ཨ་རི་སླར་ཡང་རླབས་ཆེན་དུ་འགྱུར་རྒྱུའི་རེ་བ་གནང་གི་ཡོད། ཕྲན་གྱིས་ཀྱང་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་གཞོལ་བཞིན་ཡོད། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རང་རང་སོ་སོའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆོག ཕྱོགས་གཉིས་པོས་ང་ཚོའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལས་སླ་པོར་བྱུང་བ་ཞིག་མིན་པའི་མིག་སྔའི་འཕེལ་ཕྱོགས་བཟང་པོར་གཅེས་སྤྲས་བྱེད་པ། ཁ་ཕྱོགས་སྟངས་འཛིན་དང་འགལ་རྐྱེན་སེལ་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་དགོས།

    ཐེ་རོན་ཕུ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་རང་ཀྲུང་ནན་ཧའེ་རུ་གདན་དྲངས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བ་ནི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི་འཚམས་འདྲི་ཞིག་ཡིན་པས། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་བརྗེད་པར་དཀའ་བ་ཞིག་རེད། ཕྱོགས་གཉིས་པོའི་དབར་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བ་དང་གྲོས་མཐུན་མང་པོ་བཞག་ནས་གནད་དོན་མི་ཉུང་བ་ཐག་གཅོད་བྱུང་བ་དེས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་པ་ཧ་ཅང་ཆེན་པོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ངའི་གྲོགས་པོ་རྙིང་པ་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩི་འཇོག་ཧ་ཅང་ཆེན་པོ་ཞུ་གི་ཡོད་ལ། ང་ཚོའི་དབར་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ཨ་རི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་གལ་འགངས་ཆེ་ལ་དེ་བས་ལེགས་སུ་འགྲོ་ངེས་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་བ་མུ་མཐུད་ཟབ་ཏུ་བཏང་སྟེ། ཝ་ཧྲིང་ཐོན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྣེ་ལེན་ཞུ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

    ཕྱོགས་གཉིས་པོས་ད་དུང་ས་ཁུལ་གྱི་གླེང་མང་བའི་གནད་དོན་འགའ་ཞིག་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།

    ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།