“ཨ་རི་དང་ཀྲུང་གོའི་དེ་བས་སྲ་བརྟན་གྱི་འབྲེལ་བ་ནི་གོ་ལ་ཧྲིལ་པོར་གལ་འགངས་ཧ་ཅང་ཆེན་པོ་ཡིན”
—— ཨ་རིའི་ཁུའུ་ཨེན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལོ་པོ་ཐེ·ལའོ་ལུན་སི·ཁུའུ་ཨེན་ལ་བཅར་འདྲི་བྱས་པ།

“དེང་སྐབས་འཛམ་གླིང་ལ་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་མང་པོ་འཕྲད་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རི་དང་ཀྲུང་གོའི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཉེ་ཆར་ཨ་རིའི་ཁུའུ་ཨེན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལོ་པོ་ཐེ·ལའོ་ལུན་སི·ཁུའུ་ཨེན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་ཅིང་། ཁོང་གིས། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་འཛམ་གླིང་ལ་ཕན་པ་འདོགས་དགོས་ཞེས་བརྗོད་པ་རེད།
“ངས་ད་ཐེངས་ཀྱི་ཨ་རི་དང་ཀྲུང་གོའི་གཙོ་བདག་ཞལ་འཛོམས་གནང་བར་ལྟ་སྟངས་ཡག་པོ་འཛིན་པ་དང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད”ཅེས་ཁུའུ་ཨེན་གྱིས་བརྗོད་ཅིང་། ཁོང་གིས། ཕྱོགས་གཉིས་པོས་མིག་སྔའི་གོ་ལ་ཧྲིལ་པོའི་དུས་བབ་ལ་ངོས་འཛིན་གསལ་པོ་དགོས་པ་མ་ཟད། དངོས་སྒྲུབ་ཀྱི་སྔོན་དཔག་གཏན་འཁེལ་ཡང་བྱེད་དགོས། ཨ་རི་དང་ཀྲུང་གོ་གཉིས་པོས་བརྟན་ལྷིང་གི་ཁོར་ཡུག་ལ་བརྟེན་ནས་རང་རང་རྒྱལ་ནང་གི་འགག་རྩའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱེད་དགོས། “རྒྱལ་སྤྱིའི་ཁོར་ཡུག་ཁྲོད་ཀྱི་ངེས་གཏན་མེད་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བས། ཨ་རི་དང་ཀྲུང་གོས་ངེས་པར་དུ་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས”ཞེས་བརྗོད་པ་རེད།
ཁུའུ་ཨེན་གྱིས་ད་ཐེངས་གཙོ་བདག་ཞལ་འཛོམས་དེས་ཕྱོགས་གཉིས་པོའི་མཉམ་ལས་ལ་མུ་མཐུད་གྲོས་མོལ་ལམ་སྲོལ་བརྒྱུད་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ་དང་ཕྱོགས་འགལ་ལ་དོ་དམ་ཚོད་འཛིན་བྱེད་པ་སོགས་ཚུད་པའི་བར་མཐོངས་དེ་བས་ཆེན་པོ་ཞིག་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅིང་། ཁོང་གིས“ཨ་རི་དང་ཀྲུང་གོ་ཕྱོགས་གཉིས་པོས་འབྲེལ་གཏུག་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ནས་མི་ཐབས་རིག་ནུས་ཀྱི་བདེ་འཇགས་ལྟ་འདོམས་དང་ཧྥེན་ཐའེ་ཉི་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་འབྲེལ་ཡོད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག དངོས་སྒྲུབ་ཀྱི་དཔལ་འབྱོར་མཉམ་ལས་སྒྲོམ་གཞི་སྐྲུན་དགོས”ཞེས་བརྗོད་པ་རེད།
ཁུའུ་ཨེན་གྱིས་མིག་སྔར་ཨ་རི་དང་ཀྲུང་གོའི་དབར་ཕྱོགས་འགལ་མང་པོ་ཡོད་མོད། “འོན་ཀྱང་འགྲན་སློང་གི་མདུན་དུ་ཨ་རི་དང་ཀྲུང་གོས་ངེས་པར་དུ་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་དགོས་པའི”ངོས་འཛིན་བྱེད་ཅིང་། ཁོང་གིས། ཨ་རི་དང་ཀྲུང་གོས་ཡང་དག་པའི་མཉམ་གནས་ཐབས་ལམ་འཚོལ་ཞིབ་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དེ་གོ་ལ་ཧྲིལ་པོའི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། མཐོ་རིམ་འགྲོ་འོང་བརྒྱུད་ཨ་རི་དང་ཀྲུང་གོའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཚེ། “དེའི་དགེ་མཚན་ལྡན་པའི་ཤུགས་རྐྱེན་ལ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་གཅིག་མཐུན་གྱི་ངོས་འཛིན་ཡོང་ངེས་རེད”ཅེས་བརྗོད་པ་རེད།
ཁུའུ་ཨེན་གྱིས། ཁེ་ལས་ཀྱིས་ཁྲོམ་རའི་ཁོར་ཡུག་བརྟན་པོར་བརྟེན་ནས་འཆར་འགོད་བཟོ་བ་དང་གཉེར་སྐྱོང་བྱེད་དགོས་ཀྱི་ཡོད། ངེས་གཏན་མེད་པའི་རང་བཞིན་ལས་ཚོང་ལས་བྱེད་སྒོ་དང་མ་འཇོག་ལ་ཚོད་འཛིན་ཐེབས་ཀྱི་ཡོད། ཨ་རི་དང་ཀྲུང་གོའི་འབྲེལ་བ་ལེགས་སུ་ཕྱིན་ན་ཁྲོམ་རར་དགེ་མཚན་ལྡན་པའི་སྐུལ་སྤེལ་ནུས་པ་ཐོན་ནས་ཚོང་ལས་བྱེད་སྒོ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད་པ་རེད།
“ཕུགས་ནས་བལྟས་ན། ཨ་རི་དང་ཀྲུང་གོའི་འབྲེལ་བ་ལེགས་སུ་གཏོང་བའི་བྱ་ཐབས་ཡག་ཤོས་ནི་རིམ་པ་ཁག་གི་མི་ཆོས་རིག་གནས་སྤེལ་རེས་བྱེད་རྒྱུ་དེ་རེད”ཅེས་ཁུའུ་ཨེན་གྱིས་བརྗོད་ཅིང་། ཁོང་གིས། ན་གཞོན་ཕན་ཚུན་རྒྱུས་མངའ་ལོན་པར་བྱ་རྒྱུ་ནི་ཨ་རི་དང་ཀྲུང་གོའི་འབྱུང་འགྱུར་མཉམ་ལས་ཀྱི་རྨང་གཞི་ཡིན་པས། སྤྱི་ཚོགས་དང་། རིག་གནས། སྨན་བཅོས་བདེ་སྲུང་། གསར་འགྱུར་སྨྱན་སྦྱོར་སོགས་ཀྱི་ཁྱབ་ཁོངས་སུ་མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་དགོས་ཞེས་བརྗོད་པ་རེད།
“རྒྱལ་ཁབ་གཉིས་པོའི་གཙོ་བདག་གྲུབ་འབྲས་ཐོབ་པའི་ངང་ཞལ་འཛོམས་གནང་བ་དེས་དམངས་ཚོགས་དཀྱུས་མར་ཕན་པ་ཐོབ་ཀྱི་རེད”ཅེས་ཁུའུ་ཨེན་གྱིས་བརྗོད་ཅིང་། ཁོང་གིས་ཨ་རི་དང་ཀྲུང་གོའི་དབར་གྱི་རྒྱལ་གྲོལ་ཐོངས་མཆན་འགོད་པའི་འགྲོ་ལུགས་དེ་བས་སྟབས་བདེ་རུ་དང་རྒྱལ་སྤྱིའི་དུས་གཏན་གནམ་གྲུའི་ཐེངས་གྲངས་མང་དུ་ཕྱིན་ཏེ་རྒྱལ་གྲོལ་ཡུལ་སྐོར་ཡང་བསྐྱར་རྒྱུན་རྣམ་ཅན་དུ་འགྱུར་རྒྱུ་དང་། མཐོ་སློབ་ཀྱིས་མཉམ་ལས་རྣམ་གྲངས་ཡང་བསྐྱར་སྤེལ་འགོ་ཚུགས་ནས་ཚན་ཞིབ་མི་སྣའི་རིག་གཞུང་འགྲོ་འོང་སླར་གསོ་ཡོང་རྒྱུ། ཁེ་ལས་ལ་འཛད་སྤྱོད་པ་ཡང་བསྐྱར་མང་དུ་ཕྱིན་ནས་དཔལ་འབྱོར་ཚོང་དོན་ལས་རིགས་ལ་གདེང་ཚོད་དེ་བས་ཆེན་པོ་ཡོང་རྒྱུ་བཅས་ཀྱི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།