ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་གྲོས་མོལ་གནང་བ།

ཟླ་5ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བ་བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་གཞོལ་བཞིན་ཡོད། ང་དང་ཙུང་ཐུང་ཐེ་རོན་ཕུས“ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”འཛུགས་རྒྱུ་དེ་ཀྲུང་ཨའི་འབྲེལ་བའི་ངེས་གནས་གསར་པར་བརྩིས་ནས་འབྱུང་འགྱུར་ལོ་3དང་ཐ་ན་དུས་ཚོད་དེ་བས་རིང་བའི་ཀྲུང་ཨའི་འབྲེལ་བར་འཐབ་ཇུས་ཀྱི་ཁྲིད་སྟོན་བྱ་རྒྱུ་ཡིན་པས། དེར་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་རྒྱུའི་ཡིད་ཆེས་ཡོད། “དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང”ནི་མཉམ་ལས་གཙོ་བོར་བྱེད་པའི་དྲང་ཕྱོགས་ཀྱི་བརྟན་ལྷིང་ཞིག་དང་། འགྲན་རྩོད་ལ་ཚད་ཡོད་པའི་བཟང་ཕྱོགས་ཀྱི་བརྟན་ལྷིང་ཞིག མི་མཐུན་པའི་ཆ་ཚོད་འཛིན་ཐུབ་པའི་རྒྱུན་རྣམ་གྱི་བརྟན་ལྷིང་ཞིག ཞི་བདེར་རེ་སྒུག་བྱེད་ཆོག་པའི་ཡུན་རིང་གི་བརྟན་ལྷིང་ཞིག་བཅས་ཡིན་དགོས། “ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”ནི་འབོད་ཚིག་ཙམ་མིན་པར་ཕྱོགས་མཐུན་མདུན་སྐྱོད་ཀྱི་བྱ་སྤྱོད་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པས། མི་མཐུན་པའི་ཆ་དང་རྩོད་རྙོག་འཕྲད་སྐབས་འདྲ་མཉམ་གྲོས་མོལ་བྱེད་པ་ནི་ཡང་དག་པའི་གདམ་ག་འབའ་ཞིག་དེ་རེད། ཚེས་13ཉིན་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པར་སྤྱི་ཡོངས་དོ་མཉམ་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དེ་ནི་རྒྱལ་ཁབ་གཉིས་པོའི་མི་སེར་ཙམ་མ་ཟད་འཛམ་གླིང་ཀུན་ལ་གཏམ་བཟང་ཞིག་རེད། ཕྱོགས་གཉིས་པོས་མིག་སྔར་ལས་སླ་པོར་བྱུང་བ་ཞིག་མིན་པའི་འཕེལ་ཕྱོགས་བཟང་པོ་མཉམ་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་ངེས་ཡིན་ལ། ཨ་རིའི་ཁེ་ལས་ཀྱིས་ཀྱང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ནང་གཏིང་ཟབ་ཞུགས་བཞིན་ཡོད་པས། ཨ་རིས་ཀྲུང་གོ་དང་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་གི་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐའེ་དབན་གྱི་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་རེད། གནད་དོན་དེ་ཐག་གཅོད་ཡག་པོ་བྱུང་ཚེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རྒྱུན་འཁྱོངས་ཐུབ་པ་དང་། ཐག་གཅོད་ཡག་པོ་མ་བྱུང་ཚེ་རྒྱལ་ཁབ་གཉིས་པོའི་དབར་འགལ་ཟླ་ཐོན་སྲིད་པ་དང་ཐ་ན་གདོང་གཏུག་ཀྱང་བྱུང་ནས་ཀྲུང་ཨའི་འབྲེལ་བ་ཡོངས་ཉེན་ཁ་ཧ་ཅང་ཆེ་བའི་གནས་སུ་གྱར་སྲིད། “ཐའེ་དབན་རང་བཙན”དང་ཐའེ་དབན་མཚོ་འགག་གི་ཞི་བདེ་ནི་མཐུན་ཐབས་བྲལ་བ་ཞིག་རེད། ཐའེ་དབན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཨ་ཕྱོགས་གཉིས་པོའི་མཐུན་ཆ་ཆེ་ཤོས་ཡིན་པས། ཨ་རི་ཕྱོགས་ཀྱིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པར་ཡང་ནས་བསྐྱར་དུ་གཟབ་ནན་བྱེད་དགོས།

ཐེ་རོན་ཕུ་ཡིས་གསུངས་དོན། ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཞུ་རྒྱུ་བྱུང་བ་ནི་ང་རང་གི་གཟི་བསོད་ཡིན། ཨ་ཀྲུང་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ལོ་རྒྱུས་ཐོག་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་འབྲེལ་བ་ཡུན་རིང་ཤོས་དང་ཟབ་ཤོས་བཙུགས་ཡོད་ལ། མཛའ་གྲོགས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ་གནད་དོན་གལ་ཆེན་མང་པོ་ཞིག་ཐག་གཅོད་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་འགོ་ཁྲིད་པ་དང་ཀྲུང་གོ་ནི་རླབས་ཆེ་བའི་རྒྱལ་ཁབ་ཅིག་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་བརྩི་འཇོག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེ་རིང་གི་ཞལ་འཛོམས་ནི་འཛམ་བུ་གླིང་གིས་དོ་ཁུར་བྱེད་པའི་ཞལ་འཛོམས་གལ་ཆེན་ཞིག་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་དང་། མི་མཐུན་པའི་ཆ་ཐག་གཅོད་ཡག་པོ་བྱེད་པ། ལོ་རྒྱུས་ཐོག་གི་ཨ་ཀྲུང་འབྲེལ་བ་ཡག་ཤོས་བཙུགས་ནས་རྒྱལ་ཁབ་གཉིས་པོའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད། ཨ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་ཐོག་གི་གལ་ཆེ་ཤོས་དང་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཡིན་ལ། ཨ་ཀྲུང་དབར་མཉམ་ལས་བྱས་ན་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་དོན་ཆེན་དང་བྱ་བཟང་མང་པོ་སྒྲུབ་ཐུབ། ད་ཐེངས་ཀྱི་འཚམས་འདྲི་འདིར་ངས་ཨ་རིའི་བཟོ་ཚོང་ལས་རིགས་ཀྱི་ཕུལ་བྱུང་འཐུས་མི་མཉམ་དུ་ཁྲིད་ཡོད། ཁོང་ཚོ་ཚང་མས་ཀྲུང་གོར་བརྩི་འཇོག་དང་མཐོང་ཆེན་པོ་བྱེད་ཀྱི་འདུག་ལ། ངས་ཀྱང་ཁོང་ཚོར་ཀྲུང་གོ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་ལྕག་སྐུལ་ཧུར་ཐག་བྱེད་ཀྱི་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དབུས་ཤར་ས་ཁུལ་གྱི་དུས་བབ་དང་། ཡུག་རེན་གྱི་ཉམས་ཉེན། ཁྲའོ་ཞན་ཕྱེད་གླིང་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་སྐོར་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།